Slider

 

བཀའ་ཟུར་རྒྱ་རི་སྒྲོལ་མ་ལགས་ཀྱི་ལོ་རྒྱུས་སྙིང་བསྡུས།

 

བཀའ་ཟུར་རྒྱ་རི་སྒྲོལ་མ་མཆོག་ནི་བཙན་བྱོལ་བོད་ཀྱི་ཆབ་སྲིད་སྡིང་ཆའི་སྟེང་མངོན་གསལ་དོད་ཤོས་ཤིག་དང་། ཀུན་ལ་རྒྱུས་མངའ་ཡོད་པ། ཡོད་ཚད་མི་རིགས་དང་རྩ་དོན་ཆེད་བློས་གཏོང་གནང་མཁན། ལྷག་བསམ་དང་སེམས་ཤུགས་འགྲན་ཟླ་མེད་པ། འཇོན་ཐང་དང་ཤེས་ཡོན་ཕུལ་དུ་བྱུང་བ། ལོ་རྒྱུས་དང་མཛད་རྗེས་ཆེ་བའི་སྙན་གྲགས་ཅན་གྱི་རླབས་ཆེན་གྱི་མི་སྣ་ཞིག་རེད།

 

སྐུ་འཁྲུངས་པ།

 

རྒྱ་རི་ཚང་ནི་བོད་ཀྱི་བྱུང་རབས་ལོ་རྒྱུས་ཁྲོད་བོད་བསྟན་པ་ཆབ་སྲིད་ཆེད་དུ་བྱས་རྗེས་སྣ་མང་བཞག་མྱོང་མཁན་གྱི་ཁྱིམ་ཚང་ཆེན་པོ་ཞིག་ཡིན་ཞིང་། རྒྱ་རི་རྡོ་རྗེ་གཡུ་སྒྲོན་ལགས་ལ་ཕྲུ་གུ་དགུ་ཡོད་པའི་ནང་གི་ཆུང་ཤོས་བཀའ་ཟུར་རྒྱ་རི་སྒྲོལ་མ་མཆོག་ནི་༡༩༦༤ལོར་ཀ་ལིང་སྦུག་ཏུ་སྐུ་འཁྲུངས། 

 

 

སློབ་སྦྱོང་གི་བརྒྱུད་རིམ།

 

ཀ།གཞི་རིམ་སློབ་གྲྭ།

རྡོ་རྗེ་གླིང་དབུས་བོད་ཀྱི་གཏན་སློབ་ནས་གཞི་རིམ་སློབ་གཉེར་གནང་། སྐབས་དེ་དུས་ནས་མིག་དཔེ་འོས་པའི་སློབ་མ་ཞིག་སྟེ། སློབ་གྲྭའི་སྐབས་སློབ་ཕྲུག་སྤྱི་ཚོགས་ཞབས་ཞུ་ཚོགས་པ་གསར་འཛུགས་དང་དེའི་ཚོགས་གཙོ་གནང་བ་མ་ཟད། སློབ་གྲྭའི་སྐུ་ཚབ་གནང་སྟེ་རྡོ་རྗེ་གླིང་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནང་མཉམ་ཞུགས་སོགས་དགོངས་ལོ་གཞོན་དུས་ནས་སྤྱི་ཚོགས་ཀྱི་སྣེ་ཁྲིད་གནང་བའི་ཉམས་མྱོང་མང་པོ་བསགས་གནང་ཡོད།

 

ཁ།མཐོ་རིམ་སློབ་གྲྭ།

པན་ཇབ་གཙུག་ལག་སློབ་ཁང་Panjab Universityནས་ཆབ་སྲིད་ཚན་རིག་དང་། ལྡི་ལི་མཐོ་སློབ་ཀྱི་ཁྲིམས་ཞིབ་སློབ་ར་Faculty of Law, Delhi Universityནས་ཁྲིམས་ལུགས་རིག་པ་ལ་སློབ་གཉེར་གནང་། ཁོང་མཐོ་སློབ་ལ་ཡོད་སྐབས་སློབ་གཉེར་ཁོ་ན་ལ་དུས་ཚོད་བཏང་བ་ཙམ་མིན། སྤྱི་ཚོགས་ཀྱི་བདེ་དོན་དང་ཆབ་སྲིད་ཀྱི་ལས་འགུལ་སོགས་ཀྱི་ནང་ལའང་མཉམ་ཞུགས་གནང་ཡོད།

 

གཞོན་ནུའི་རྒྱུན་ལས།

 

ཕྱི་ལོ་ ༡༩༨༦ ནས་ ༡༩༩༡ བར་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་སུ་སྐབས་གཉིས་རིང་བདམས་ཐོན་བྱུང་བ་བཞིན། སྐབས་དང་པོར་ཕྱི་དྲིལ་དྲུང་ཆེ་དང་སྐབས་གཉིས་པར་ཟུང་དྲུང་གནང་། སྐབས་དེར་བོད་ཀྱི་གཞོན་ནུའི་ངོས་ནས་བོད་དོན་ལས་འགུལ་དང་ཁྱབ་བསྒྲགས་ཧ་ཅང་གཞི་རྒྱ་ཆེན་པོ་སྤེལ་བར་བརྟེན། བཀའ་ཟུར་རྒྱ་རི་སྒྲོལ་མ་ལགས་ཉེན་རྟོག་པས་ཐེངས་བརྒྱད་ཅུ་ཙམ་འཇུ་བཟུང་དང་། ཉེན་རྟོག་ཁང་དུ་བཀག་སྐྱིལ་དང་བཙོན་འཇུག་ཐེངས་འགའ་བྱས་ཡོད། གཞན་ཡང་ཅན་དྷི་སྒར་མཐོ་སློབ་སྐབས་རྒྱལ་སྤྱིའི་མི་རིགས་དཀར་ནག་དབྱེ་འབྱེད་ལ་ངོ་རྒོལ་ཚོགས་པ་Global 86 youth Anti – Apartheid Movement ཞེས་པའི་ཚོགས་འདུ་ཐེངས་ ༨༦ འཚོགས་ཡོད་པ་དང་། ཁོང་ཚོགས་འདུ་དེའི་གོ་སྒྲིག་ཚོགས་པའི་ནང་ཡོད་པ་རེད།

 

སྤྱི་འཐུས་དང་ཚོགས་གཙོ་གཞོན་པ།

 

ཕྱི་ལོ་ ༡༩༩༡ ལོར་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཀྱི་འཐུས་མིར་བདམས་ཐོན་བྱུང་བ་དང་། སྐབས་དེར་རང་ལོ་ ༢༦ ཡིན་ཞིང་། སྤྱི་འཐུས་གྲོས་ཚོགས་ནང་གི་འཐུས་མི་ལོ་ན་ཆུང་ཤོས་གྲས་ཤིག་ཆགས་ཡོད། རིམ་པས་ཁོང་གི་འཇོན་ཐང་དང་ནུས་སྟོབས་མངོན་གསལ་འབུར་ཐོན་གྱུར་ནས་སྐབས་༡༣པ་དང་༡༤པ་གཉིས་ཀའི་སྐབས་སུ་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཀྱི་ཚོགས་གཞོན་ལ་བདམས་ཐོན་བྱུང་བ་དང་། བོད་ཀྱི་སྤྱི་ཚོགས་ནང་གོ་གནས་དེ་འདྲ་མཐོན་པོར་སླེབས་པའི་བུད་མེད་ཐོག་མ་དེ་ཆགས་པ་རེད། ཁོང་གིས་ཚོགས་གཞོན་གནང་ཡུན་རིང་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཀྱི་མང་གཙོའི་སྒྲོམ་གཞི་ལེགས་བཅོས་ཐད་རླབས་ཆེན་གྱི་མཛད་རྗེས་བཞག་པ་མ་ཟད། སྐབས་དེར་བོད་རྒྱ་གྲོས་མོལ་བྱུང་ཡོད་པ་དང་། ཁོང་ཚོགས་གཞོན་ཡིན་པའི་ཆ་ནས་བོད་རྒྱ་གྲོས་མོལ་གྱི་ཞིབ་ཕྲའི་སྙན་ཐོ་སྔ་ཕྱི་ཁག་ལ་རྒྱུས་ལོན་བྱ་རྒྱུའི་གོ་སྐབས་ཐོབ་ཡོད།

 

ནང་སྲིད་བཀའ་བློན།

 

བཀའ་ཤག་སྐབས་༡༤པའི་སྐབས་སུ་ནང་སྲིད་བཀའ་བློན་གྱི་ཐུགས་འགན་བཞེས་ཡོད་ཅིང་།སྐབས་དེར་ཕྱག་ལས་སྣ་མང་གནང་བའི་ཁྲོད་ནས་མངོན་གསལ་དོད་ཤོས་ནི། ཕྱི་ལོ་ ༢༠༡༤ ལོར་རྒྱ་གར་དབུས་གཞུང་ནས་བོད་མིའི་ལྟ་སྐྱོང་སྲིད་ཇུས་ Tibetan Rehabilitation Policy

གཏན་འབེབས་གནང་བ་དེ་ཡིན། འདི་ནི་བཙན་བྱོལ་ནང་དུ་མི་ལོ་༥༠རིང་སྒྲུབ་མ་ཐུབ་པའི་གནད་དོན་གལ་ཆེ་ཤོས་གཅིག་རེད། དེ་ལ་བརྟེན་ནས་བོད་མིའི་གཞིས་ཆགས་ཁག་གི་འཕྲལ་སེལ་གྱི་དཀའ་ངལ་མང་པོ་བསལ་ཐུབ་ཡོད་ལ། གཞིས་ཆགས་ཁག་གི་འཕྲལ་ཕུགས་ཀྱི་གནས་སྟངས་ལའང་གསལ་པོ་ཆགས་ཐུབ་ཡོད།

       

རླབས་ཆེན་གྱི་མཛད་རྗེས་ཁག

 

། རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་All Party Indian Parliamentary Forum བསྐྱར་གསོ་གནང་།

 

ཁ། ཕྱི་ལོ་ ༢༠༠༥ ལོར་ཨི་དིན་བྷག་(Edinburgh)དང་ཕྱི་ལོ་ ༢༠༠༩ ལོར་རཱོམ་(Rome)ནང་རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་The World Parliamentarian Convention on Tibetཚོགས་འདུ་ཁག་ལ་མཉམ་ཞུགས་གནང་ཡོད།

 

། རྒྱ་གར་གྱི་ཆབ་སྲིད་འགོ་ཁྲིད་གྲགས་ཅན་སྲིད་བློན་ཟུར་པ་ཝཇ་པ་ཡེ་དང་།(Former Prime Minister A B Vajpayee) སྲིད་བློན་གཞོན་ཟུར་ཨེལ་ཀེ་ཨཏ་ཝ་ནི།(Former Deputy PM L K Advani)   བདེ་སྲུང་བློན་ཆེན་ཟུར་པ་ཇོར་ཇ་ཕར་ནན་ཌེས་(Former Defense Minister George Fernandes)སོགས་ཀྱི་མདུན་སར་བོད་དོན་སྐོར་རྒྱ་ཆེན་གླེང་བར་བརྟེན། སྐབས་དེར་རྒྱ་གར་གྱི་ཚད་མཐོ་བའི་ཆབ་སྲིད་ཀྱི་ཚོགས་འདུ་མང་པོའི་སྟེང་བོད་དོན་གླེང་སློང་བྱུང་ཡོད་པ་རེད།

 

ང་། རྒྱ་གར་མངའ་སྡེ་སོ་སོའི་གྲོས་ཚོགས་ནས་ཀྱང་བོད་དོན་ཐད་རྒྱབ་སྐྱོར་དགོས་པ་གལ་ཆེན་གྱི་ཚོར་སྣང་བྱུང་བ་བཞིན། ཁོང་དང་སྤྱི་འཐུས་རྣམ་པས་འབད་བརྩོན་གནང་སྟེ་ཧི་མ་ཅལ་གྲོས་ཚོགས་བོད་དོན་གླེང་སྟེགས་Himachal Pradesh Legislators Forum for Tibetཞེས་པ་གསར་འཛུགས་ཐུབ་ཡོད།

 

ཅ། ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་མང་མོས་ཐོག་བདམས་ཐོན་བྱུང་བའི་བོད་མིའི་འགོ་ཁྲིད་ལ་རྩིས་སྤྲོད་གནང་རྒྱུའི་ཐུགས་ཐག་བཅད་སྐབས། སྐུ་ངོ་རྒྱ་རི་སྒྲོལ་མ་ལགས་སྐུ་དབང་རྩིས་སྤྲོད་འབུལ་བཞེས་ཀྱི་ལས་རིམ་ཚོགས་ཆུང་གི་ཚོགས་མི་གསུམ་ནང་ནས་གཅིག་ཡིན་པ་མ་ཟད། བཙན་བྱོལ་བོད་མིའི་བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ཚོགས་ཆུང་གི་ཚོགས་མི་ལྔའི་ཁོངས་ནས་གཅིག་རེད།

 

         ཆ། ས་ཁང་སྲ་བརྟན་སྲིད་ཇུས་གཏན་འབེབས་བྱས་པ་བརྒྱུད་རྒྱ་གར་ལྷོ་ཕྱོགས་ཀར་ན་ཊ་ཀ་ནང་གི་བོད་མི་ཚོ་མངའ་སྡེ་གཞུང་གི་ཞིང་ལས་དང་ཁྲལ་འབབ་སྡེ་ཚན་Revenue and Agricultural Department གྱི་མིང་གཞུང་ནང་ཐོ་འགོད་བྱས་ཐུབ་པ་མ་ཟད། སྡེ་ཚན་དེ་ནས་ཐོབ་ཐང་གང་མང་རག་རྒྱུ་ཡོད་པའི་འོས་ཆོས་ཤིག་ཏུ་གྱུར་ཡོད་ལ། ཁོང་གི་འབད་བརྩོན་ལ་བརྟེན་ནས་མངའ་སྡེ་དེའི་ནང་ཆུ་ཚོད་ ༢༤ རིང་གློག་གི་མཐུན་རྐྱེན་སྦྱོར་སྤྲོད་བྱས་ཐུབ་ཡོད། ཀར་ན་ཊ་ཀ་ནི་བོད་མི་སྐྱབས་བཅོལ་བའི་གཞིས་ཆགས་ཆེ་ཁག་ཡོད་སའི་མངའ་སྡེ་ཞིག་ཡིན།

 

ཇ། དེ་བཞིན་བོད་ནས་ཕེབས་པའི་གསར་འབྱོར་བཞུགས་གནས་མེད་མཁན་རྣམས་ཀྱི་ཆེད་དུ་ས་ཆ་ཉོ་སྒྲུབ་དང་། སྡོད་ཁང་གསར་རྒྱག།འཚོ་བའི་མཐུན་རྐྱེན་སོགས་ད་བར་བྱུང་མ་མྱོང་བའི་རླབས་ཆེན་གྱི་བྱས་རྗེས་བཞག་ཡོད།

 

། ནང་སྲིད་ལྷན་ཁང་གི་གཏན་རྩ་མ་དངུལ་མ་སྤར་ན་མ་འོངས་པར་དཀའ་ངལ་ཆེན་པོ་འཕྲད་རྒྱུ་ཡིན་པར་མཁྱེན་རྟོགས་བྱུང་སྟེ། རྒྱ་གར་གྱི་ནང་སྲིད་ལྷན་ཁང་དང་འབྲེལ་ལམ་ཞུས་པ་བརྒྱུད་རྒྱ་གར་དབུས་གཞུང་གིས་ལོ་  ཡི་མཚམས་སུ་ཧིན་སྒོར་ས་ཡ་ ༨༠ རེ་བྱས་ཏེ་ཁྱོན་ཧིན་སྒོར་ས་ཡ་ ༤༠༠ གནང་རྒྱུའི་ཞལ་བཞེས་ཐོབ་ཡོད་པ་རེད།

 

 ཕྱི་ལོ་ ༢༠༡༣ ལོར་རྒྱ་གར་དབུས་གཞུང་གིས་གཏན་འབེབས་ནང་བའི་ལས་འཆར་ རཱ་ཇིབ་གཱན་ཌི་ཨན་ནཱ་ཡོ་ཇ་ནཱ་ (Rajiv Gandhi Anna Yojana) ཞེས་པ་དེ་ཧི་མ་ཅལ་མངའ་སྡེའི་ནང་ལག་བསྟར་གནང་སྐབས། ལས་འཆར་དེའི་ཐོ་གཞུང་ནང་བོད་མི་བཙན་བྱོལ་བ་རྣམས་ཀྱང་ཐོབ་ཐང་དེ་མཚུངས་བླང་ཆོག་པ་འཁོད་ཐུབ་ཡོད། ཧི་མ་ཅལ་མངའ་སྡེའི་ཁོངས་སུ་བོད་མིའི་གྲངས་འབོར་ཆེན་པོ་ཡོད་པ་མ་ཟད། དགོན་པ་དང་སློབ་གྲྭ་ཡང་མང་ཤོས་ཆགས་བསྡད་ཡོད་སྟབས། ལས་འཆར་དེའི་ནང་བོད་མི་སྐྱབས་བཅོལ་བ་འཁོད་པ་དེས་བོད་མི་ཚོར་བཟའ་འབྲུ་ཉོ་བར་གོང་ཚད་ཆག་ཡང་ཐོབ་སྟེ་ཕན་ཐོགས་ཆེན་པོ་བྱུང་ཡོད།

 

ཐ། ཕྱི་ལོ་ ༢༠༡༥ ལོར་ལ་དྭགས་བོད་མིའི་གཞིས་ཆགས་བསོད་ནམས་གླིང་དང་། བྱང་ཐང་གི་ས་གནས་ཁག་ལ་ཕེབས་ཏེ། བོད་མིའི་དཀའ་སྡུག་གི་འཚོ་བ་ལ་རྟོག་ཞིབ་གནང་བ་མ་ཟད། ལྷག་པར་དུ་དེར་ཡོད་བོད་པའི་འབྲོག་པ་ཚོའི་འཚོ་བ་ལ་རྒྱུས་ལོན་ལེགས་པར་གནང་སྟེ། ཁོང་ཚོའི་བདེ་སྡུག་རྣམས་རྒྱ་གར་དབུས་གཞུང་ལ་སྙན་སེང་འཛེམ་མེད་ཐོག་ཞུས་འབྲས་སུ། རྒྱ་གར་གཞུང་ནས་ས་ཁུལ་དེ་དག་ལ་ལས་གཞི་གསར་པ་འགོ་འཛུགས་བྱ་རྒྱུའི་ཆེད་མཐུན་འགྱུར་རོགས་རམ་ཆེན་པོ་གནང་ཡོད།

 

 

ད། ཁོང་གིས་བོད་མིའི་གཞིས་ཆགས་ཁག་ཏུ་ས་གནས་འགོ་འཛིན་རྣམས་ས་གནས་དེ་གའི་མི་ལ་འོས་འདེམ་བྱ་རྒྱུ་ཡོད་པ་བཟོས་ཡོད། སོ་སོའི་ས་གནས་ཀྱི་མི་དེས་རང་ཁུངས་གཞིས་ཆགས་དང་མི་མང་གི་བདེ་སྡུག་ལ་རྒྱུས་མངའ་ཆེ་བ་མ་ཟད། གནས་སྡོད་ས་གནས་ཀྱི་རྒྱ་གར་གཞུང་འབྲེལ་དཔོན་རིགས་ཚོར་འབྲེལ་བ་འཛིན་བདེ་ལ་སྐད་རིགས་ཀྱི་ཆ་ནས་ཀྱང་གོ་བདེ་བ་སོགས། ལས་དོན་མང་པོ་ཞིག་དུས་ཐོག་སྒྲུབ་པའི་ནུས་པ་དམིགས་བསལ་ཐོན་ཡོད།

 

ན། ནང་སྲིད་བཀའ་བློན་གནང་ཡུན་རིང་བོད་ཀྱི་སྤྱི་མཐུན་མཉམ་འབྲེལ་དེ་བོད་མིའི་སྒྲིག་འཛུགས་ཀྱི་ཁྱབ་ཁོངས་བཅུག་ཐུབ་ཡོད་པ་མ་ཟད། དེའི་རྩིས་ཁྲ་རྣམས་བོད་མིའི་སྒྲིག་འཛུགས་ནང་སྲིད་ལྷན་ཁང་བརྒྱུད་རྩིས་ཞིབ་ལྷན་ཁང་ནས་ཞིབ་རྟོག་གནང་རྒྱུ་ཡོད་པ་བཟོས་ཡོད།

 

པ། ལྡི་ལིའི་བོད་སྒར་བསམ་ཡས་གླིང་། མ་ན་ལིའི་བོད་སྒར་བདེ་སྐྱིད་གླིང་། མཚོ་པདྨའི་སྒྲུབ་ཕུག།བཞུགས་སྒར་རྡ་རམ་ས་ལའི་བོད་གཞུང་ཟློས་གར་འགྲམ་གྱི་བོད་མིའི་སྡོད་ཁྱིམ་བཅས་རྒྱ་གར་གཞུང་གིས་གཏོར་བཤིག་གཏོང་རྒྱུ་ཐག་བཅད་ཟིན་ནའང་། དེ་དག་ནི་བོད་མི་ཚོའི་སྡོད་ཁྱིམ་ཁོ་ན་ཡིན་སྟབས། ཁོང་གིས་ནུས་ཤུགས་ཡོད་དགུ་རྩལ་སྤྲུག་གནང་སྟེ། དེ་རྣམས་སྔོན་མ་བཞིན་རང་འཇགས་བསྡད་ཆོག་པ་བཟོས་ཡོད།

 

 

ཕ། བོད་མི་སྐྱབས་བཅོལ་བ་ཁྱིམ་པ། ཡང་ན། གྲྭ་བཙུན། སློབ་ཕྲུག ལས་བྱེད། ཆབ་སྲིད་པ་སོགས་སུ་ཞིག་ཡིན་རུང་ཁོང་ཚོར་དཀའ་ངལ་ཆེན་པ་ཞིག་ཕྲད་ཚེ། བཀའ་ཟུར་རྒྱ་རི་སྒྲོལ་མ་ལགས་ནི་རེ་ལྟོས་བཅའ་ས་ཤུགས་ཆེ་ཤོས་དེ་ཡིན། ད་བར་ཁོང་གིས་མི་མང་ལ་ཐུགས་འཁུར་དང་ཕྱག་རོགས་ཇི་ཙམ་གནང་ཡོད་པ་དེ་བོད་མི་སུད་ཚོང་བ་དང་སྤྱིར་སྒེར་ཚོགས་པ་ཁག་གིས་ར་སྤྲོད་བྱེད་ཐུབ། བཀའ་ཟུར་རྒྱ་རི་སྒྲོལ་མ་ལགས་དང་ལྷན་དུ་ཕྱག་ལས་གནང་མྱོང་མཁན་དང་། རིང་ནས་འདྲིས་ཤིང་རྒྱུས་མངའ་ལྡན་པའི་མི་ཞིག་ཡིན་ན། ཁོང་གི་སྙིང་སྟོབས་དང་ཐུན་མིན་གྱི་ཁྱད་ཆོས་ཤེས་ངེས་ཡིན། 

 

 

བ། རྒྱ་གར་དང་བོད་མིའི་བར་གྱི་འབྲེལ་ལམ་གོང་འཕེལ་སྤེལ་གཏོང་ཕྱོགས་ལའང་ཁོང་གིས་ཕྱག་རོགས་གནང་བར་བརྟེན། ཁོང་ལ་ཆེ་བསྟོད་དུ་རྒྱ་གར་གྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་ བྷ་ར་ཏི་ཡཱ་ད་ལིཏ་སཱ་ཧིཏ་ཡ་ཨེ་ཀ་ཌེ་མཱི་  (Bharatiya Dalit Sahitya) ཞེས་པས་ ཨུ་ཏམ་ནག་རིཀ་པུ་རུཤ་ཀར་ (Uttar NagrikPuraskar)(མི་སེར་ཡག་ཤོས།)གཟེངས་རྟགས་དང་། རྒྱལ་སྤྱིའི་བལ་ཡུལ་རིག་གཞུང་ཚོགས་པས་ ནཱ་རི་ཤཀ་ཏི་ (Nari Shakti) (བུད་མེད་ཀྱི་ནུས་སྟོབས།)གཟེངས་རྟགས། དེ་བཞིན་པཱིས་ཨོཕ་ཨིན་ཌི་ཡ་(Peace of India) (རྒྱ་གར་གྱི་ཞི་བདེ།)ཞེས་པའི་གཟེངས་རྟགས་འབུལ་བཞེས་གནང་ཡོད། 

 

 

 

མ་འོངས་དམིགས་ཡུལ།

 

ད་དུང་མི་རིགས་དང་རྒྱལ་ཁབ་ཆེད་དུ་ཞབས་ཞུ་བསྒྲུབ་རྒྱུའི་འདུན་པ་ཤུགས་ཆེར་ཡོད་པའི་རླབས་ཆེན་གྱི་མི་སྣ་ཁོང་༢༠༢༡ལོའི་སྲིད་སྐྱོང་གི་འོས་མིར་བཞེངས་ཡོད་ལ། གལ་སྲིད་ཁོང་ལ་སྲིད་སྐྱོང་ཐོབ་པ་ཡིན་ན། བོད་ཀྱི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས་བཅས་ལ་སྔར་ལྷག་ཡར་རྒྱས་ཚགས་ཚུད་འཐུས་སྒོ་ཚང་བ་ཡོང་བའི་ཡིད་ཆེས་བརྟན་པོ་བྱ་ཆོག་པ་རེད། ཁྱེད་ཀྱིས་ཁོང་ལ་རྒྱབ་སྐྱོར་གནང་བ་ནི་བོད་མི་རིགས་ཀྱི་འདུན་ལམ་ལ་རྒྱབ་སྐྱོར་གནང་བ་ཡིན།

 

ཐུགས་རྗེ་ཆེ།



༢༠༢༡ སྲིད་སྐྱོང་འོས་མི་བཀའ་ཟུར་རྒྱ་རི་སྒྲོལ་མ་ལགས་ཀྱི་དྲ་ཚིགས།

© 2020 KASUR GYARI DOLMA FOR SIKYONG 2021