Slider

 

བཀའ་ཤག་སྐབས་ ༡༦ པའི་སྲིད་སྐྱོང་འོས་མི་བཀའ་ཟུར་རྒྱ་རི་སྒྲོལ་མའི་ལས་འཆར་སྙིང་བསྡུས།

 

གུས་མོ་རང་ཉིད་བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་གལ་གནད་ཆེ་ཤོས་སྲིད་སྐྱོང་གི་ཞབས་སྟེགས་སུ་འོས་ཐོན་ཡོང་བའི་རེ་སྐུལ་བྱེད་བཞིན་པའི་སྐབས་འདིར་སྙན་སེང་ཞུ་རྒྱུ་ནི། ངོས་རྣམས་ཀྱི་རྒྱལ་ཁབ་དང་མི་རིགས་ཀྱིས་མྱངས་དང་མྱོང་བཞིན་པའི་གནས་སྟངས། ད་བར་བོད་མི་རིགས་དང་དེའི་རྩ་དོན་འགྲུབ་ཆེད་རང་སྲོག་བློས་གཏོང་གནང་མཁན་དཔའ་བོ་དཔའ་མོ། གཙོ་བོ་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོའི་བཀའ་དྲིན་དང་གཞིས་ལུས་སྤུན་ཟླ་རྣམས་ཀྱི་རྒྱལ་ཞེན་སྙིང་ལ་བཅངས་ཤིང་། གུས་མོ་རང་ཉིད་བཙན་བྱོལ་ནང་སྐྱེས་ཏེ་འཚར་ལོངས་བྱུང་བའི་བོད་ཀྱི་བུད་མེད་ཅིག་ཡིན་པར་མགོན་པོ་གང་གི་ཐུགས་རྗེ་ཆེན་པོའི་མཛད་པ་ཉག་ཅིག་ལ་བརྟེན་ཕོ་མོ་འདྲ་མཉམ་གྱི་གོ་སྐབས་སླར་ཡང་ལོངས་སུ་སྤྱོད་ཐུབ་པའི་རེ་བ་བྱེད་བཞིན་ཡོད། སྤྱིར་ངོས་རྣམས་ཀྱི་གནས་སྟངས་འདི་རང་དབང་ལྡན་པའི་རྒྱལ་ཁབ་ཅིག་དང་མི་འདྲ་བའི་གནས་བབ་ཅིག་དང་། ཆབ་སྲིད་སྒྲོམ་གཞི་དེའང་ཆབ་སྲིད་ཚོགས་པ་མེད་པའི་མང་གཙོའི་འགྲོ་ལུགས་ཤིག་ཡིན་པ་ཚང་མས་མཁྱེན་གསལ་ལྟར། གཞན་དབང་སྟབས་བསྟུན་དང་བོད་ཀྱི་བདེན་མཐའ་གསལ་བར་མཉམ་རུབ་ཀྱིས་ནུས་པ་སྤུངས་ཐུབ་པའི་ལམ་བཟང་པོ་ཞིག་ལ་འགྲོ་ཐུབ་པར་བྱ་དགོས་པ་ནི་ངོས་རྣམས་ཚང་མའི་ལས་འགན་ཡིན་པར་ངོས་འཛིན་ཞུ་བཞིན་ཡོད། ལྷག་དོན་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ཀྱི་རྩ་དོན་འགྲུབ་ཆེད་སྟོན་གནང་མཛད་པའི་ལམ་དང་། གཞིས་བྱེས་བོད་མི་མཉམ་འཛོམས་མ་བྱུང་བར་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་གོང་འཕེལ་གཙོ་བོར་གྱུར་པའི་བཟང་སྤྱོད་ལྡན་པའི་བོད་མིའི་སྤྱི་ཚོགས་བསྐྲུན་ཐབས་དང་། བོད་མིའི་འཕྲལ་ཕུགས་རྒྱང་གསུམ་གྱི་བདེ་རྩ་ཆེད་རིམ་བཞིན་བསྐྱར་བཅོས་ཀྱིས། བོད་གཞུང་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་གྱི་གཞུང་དེ་དག་མང་གཙོ་ཚད་ལྡན་བོད་མི་ས་ཡ་དྲུག་གིས་ངོ་ཚབ་ཐུབ་པའི་སྒྲིག་འཛུགས་ཀྱི་ལས་དོན་ཡོངས་རྫོགས་མུ་མཐུད་འཐུས་ཤོར་མེད་པར་མཇུག་སྐྱོང་དགོས་པའི་ལས་འགན་གཙོ་བོར་ངོས་འཛིན་དང་། རྒྱལ་སྤྱིའི་ནང་ཆབ་སྲིད་འགྱུར་འགྲོས་ཆེན་པོ་འགྲོ་དང་འགྲོ་བཞིན་པའི་དུས་སྐབས་འདིར། རྩ་བའི་བླ་མ་༸སྤྱི་ནོར་༸གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་དབུ་བཞུགས་འོག་ནུས་པ་ལྡན་པའི་འགན་ཁུར་བྱེད་ཐུབ་པའི་སྤོབས་པ་དང་ཡིད་ཆེས་ཡོད། དེ་ཡང་གུས་མོ་རང་ཉིད་ཀྱིས་སྦྱང་བའི་ཡོན་ཏན་དང་ད་བར་གྱི་ཉམས་མྱོང་ལ་གཞིགས་ནའང་མཐའ་མའི་ནུས་པ་ཆ་ཚང་སྤུངས་སའི་ཡུལ་དང་དུས་ལ་བབ་སོང་སྙམ་པས་ཡིག་ཆ་འདི་འབུལ་ལམ་ཞུ་བཞིན་ཡོད།

 

ཀ༽ རྩ་བའི་ལྟ་གྲུབ་གསུམ།    

 

རྒྱལ་ཞེན། དྲང་བདེན། མཉམ་རུབ།

ངོས་ནས་སྤྱི་པའི་ལས་དོན་ཆེ་ཆུང་གང་འདྲ་ཞིག་ཡིན་རུང་གཞི་རྩ་གཙོ་བོར་རྒྱལ་ཞེན་ལྷག་བསམ་གཡོ་བ་མེད་པའི་དྲང་བདེན་ནང་ཁུལ་སྦྱང་བཤད་ཀྱིས། མཉམ་རུབ་ཀྱི་ནུས་པ་སྤུངས་ཐུབ་དགོས་པ་ནི་མེད་དུ་མི་རུང་བ་ལ་ངོས་འཛིན་བྱ་བཞིན་ཡོད་པས ངའི་འཛིན་སྐྱོང་ནས་རྒྱལ་ཞེན། དྲང་བདེན། མཉམ་རུབ་ཀྱི་ལྟ་གྲུབ་གཞི་ལ་བཅོལ་བའི་འགན་ཁུར་ཞུ་སྒོ་མཐའ་དག་བྱ་རྒྱུའི་ཁས་ལེན་ཞུ་བཞིན་ཡོད།  

 

ཁ༽ བྱ་དགོས་པའི་ལས་དོན་གཙོ་བོ་བརྒྱད།

 

༡༽ ༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་འབྲེལ་བའི་གནད་དོན་ཁག

 

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༡༡༣ བཞུགས་རྒྱུའི་ཞལ་བཞེས་བཟང་པོ་ཕེབས་ཡོད་པ་ལྟར། བོད་མི་ཡོངས་ནས་དམ་ཚིག་རྡོག་རྩ་ཆིག་སྒྲིལ་གྱིས་སྤྱི་མཐུན་བསོད་ནམས་རྒྱ་གང་ཆེ་གསོག་སྒྲུབ་ཞུ་རྒྱུ་དང་། གནས་ཡུལ་རྒྱ་གར་གཞུང་དང་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཆིབས་བསྒྱུར་བསྐྱང་སྐབས་སྐུ་ཕྱྭའི་ཉེན་སྲུང་དང་འབྲེལ་ལས་དོན་གང་སར་སྔར་ལྷག་ཚག་ཚུད་ཡོང་བ་བྱ་རྒྱུ་ཡིན།

དཔལ་ལྡན་སྲིད་སྐྱོང་འབུམ་རམས་པ་བློ་བཟང་སེང་གེ་མཆོག་གིས་བཀའ་ཤག་དུས་ཡུན་གཉིས་པའི་སྐབསདམིགས་བསལ་ཚོགས་ཆེན་ཐེངས་གསུམ་པའི་ཐོག་གྲོས་ཆོད་བྱུང་དོན་ལྟར། བོད་འབངས་ཡོངས་ཀྱིས་དཔྲལ་བའི་མིག་དང་ཁོག་པའི་སྙིང་ལྟ་བུ་བླ་ན་མེད་པའི་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྲེང་རིམ་བྱོན་དང་། བོད་མིའི་དབར་གྱི་འབྲེལ་བ་ནི་མགོ་དང་འཇིང་པའམ། ལུས་དང་གྲིབ་མ་བཞིན་བྲལ་ཐབས་ཡེ་ནས་མེད་པ་ཞིག་ཡིན་པས། སྐབས་དེའི་༸རྒྱལ་བའི་ཡང་སྲིད་ངོས་འཛིན་གནང་ཕྱོགས་ཀྱི་གྲོས་ཆོད་ཁག་རྒྱུན་སྐྱོང་དང་མཇུག་སྣོན་བྱ་རྒྱུ་ཡིན། དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་ནས་གལ་ཆེན་གནད་དོན་དེ་དང་འབྲེལགསལ་བསྒྲགས་ལམ་སྟོན་ཅི་ཕེབས་ལ་འགན་ཁུར་ཞུ་རྒྱུ་ལས་དོན་གཙོ་བོ་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད།

བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་ལེའུ་དང་པོའི་དོན་ཚན་ ༡(༢) ནང་གསལ་ལྟར། བོད་མི་རིགས་དང་། སྤྱི་ཚོགས། བསྟན་སྲིད་ཀྱི་གལ་ཆེ་ལས་དོན་ཐོག་མགོན་པོ་གང་གི་དཔྱད་གཞི་དགོངས་འཆར་དུས་ནས་དུས་སུ་གསོལ་འདེབས་དང་ལག་བསྟར་ཞུ་རྒྱུ་ཡིན།

 

༢༽ རྒྱ་བོད་འབྲེལ་ལམ་དང་བོད་དོན་བདེན་མཐའ་སེལ་ཐབས།

 

༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོའི་རླབས་ཆེན་དགོངས་གཞི་ལ་གཞི་བཅོལ་ཏེ། མང་གཙོའི་འགྲོ་ལུགས་ལྟར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་གཏན་འབེབས་གནང་བའི་དབུ་མའི་ལམ་གྱི་སྲིད་ཇུས་དགོངས་དོན་བོད་དོན་བདེན་མཐའ་སེལ་ཐབས་ཞུ་རྒྱུ། དེ་ཡང་བོད་རྒྱ་ཞི་མོལ་བསྐྱར་གསོ་ཡོང་ཐབས་ཀྱི་ཁོར་ཡུག་བསྐྲུན་རྒྱུ་དང་། འབྲེལ་མོལ་དེ་དག་དོན་ཕན་གསོ་པ་ཡོང་ཐབས་བྱ་རྒྱུ།

ལོོ་རྒྱུས་སྟེང་བོད་དང་རྒྱ་ནག་རྒྱལ་ཁབ་སོ་སོ་ཡིན་པ་མ་ཟད། བོད་རྒྱལ་ཁབ་འདི་བཞིན་ད་ལྟའི་ཆར་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་བཙན་འོག་ཏུ་གནས་ཡོད་པའི་རྒྱལ་ཁབ་ཅིག་ལ་རྒྱ་གར་གཞུང་གིས་ངོས་འཛིན་དང་། དེ་ལྟར་ཕྱིའི་རྒྱལ་ཁབ་གཞན་ནས་ཀྱང་དོན་ཕན་ལྡན་པའི་བོད་དོན་རྒྱབ་སྐྱོར་འཚོལ་རྒྱུ། སྤྱིར་མཉམ་འབྲེལ་རྒྱལ་ཚོགས་གཙོས་རྒྱལ་སྤྱིའི་སྟེང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་དང་། ཆོས་དད་རང་དབང་། འཁོར་ཡུག་སྲུང་སྐྱོབ། སྨྲ་བརྗོད་རང་དབང་། འགྲོ་འདུག་རང་དབང་། གསར་འགོད་རང་དབང་སོགས་དང་། དེ་བཞིན་བོད་ནང་རང་སྲོག་བློས་གཏོང་གནང་བའི་དཔའ་བོ་དཔའ་མོའི་མཛད་རྗེསཆུད་ཟོས་སུ་མ་འགྲོ་བའི་འགན་ཁུར་བྱ་རྒྱུ། འཛིན་བཟུང་བཀག་ཉར་འོག་ལྷུང་ཡོད་པའི་བོད་རིགས་སྤུན་ཟླ་རྣམས་ཀྱི་གནས་ལུགས་དང་འབྲེལ་དུས་ཐོག་རྒྱལ་སྤྱིའི་ནང་ལས་འགུལ་སྤེལ་ཆེད་ “མཉམ་འབྲེལ་རྒྱལ་ཚོགས་ནང་བོད་དོན་ཞུ་གཏུག་ལྷན་ཚོགས་” (UN Tibet Initiative Committee)སླར་གསོ་ཡིས། རྒྱལ་སྤྱི་ཁྲིམས་ཡིག་དང་འགྲོ་ལུགས་དགོངས་དོན་བོད་དོན་བདེན་པ་ར་འཕྲོད་ཡོང་ཐབས་བཙན་བྱོལ་བོད་མིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་དང་། བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་ནུས་པ་མཉམ་རུབ་ཡོང་བར་བྱ་རྒྱུ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཕྱིའི་རྒྱལ་ཁབ་ཁག་གི་གྲོས་ཚོགས་འཐུས་མི་ལྷན་འབྲེལ་ལམ་དང་བོད་དོན་ལས་འགུལ་སྤེལ་བཞིན་པ་ལ་དགོས་ངེས་ཀྱི་མཉམ་རུབ་ཞུ་རྒྱུ།

 

 

ཡང་དག་པའི་བོད་མིའི་མང་གཙོའིསྒྲིག་འཛུགས་སྲ་བརྟན།

 

ཁྲིམས་སྒྲིག་དགོངས་དོན་བོད་མིའི་སྒྲིག་འཛུགས་ནི་ལོ་རྒྱུས་ལྡན་པའི་བོད་གཞུང་དགའ་ལྡན་ཕོ་བྲང་མང་གཙོ་ཚད་ལྡན་ཞིག་གི་ངོ་བོར་བསྒྱུར་བའི་བོད་མི་ས་ཡ་དྲུག་གིས་ངོས་འཛིན་ཡོད་པའི་སྒྲིག་འཛུགས་དེ་ཡིན་པས། མང་གཙོའི་ཁྲིམས་མཐུན་གྱི་སྒྲིག་འཛུགས་ཡིན་པ་དེ་དག་རྒྱལ་སྤྱིའི་སྟེང་ངོས་འཛིན་ཡོང་ཐབས་བྱ་རྒྱུ་དང་། བོད་མིའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དང་བཟང་སྤྱོད་ལྡན་པའི་མང་གཙོའི་སྒྲོམ་གཞི་ཕུན་སུམ་ཚོགས་པ་ཞིག་གནས་དགོས་པར། མི་མང་སྤྱི་དང་ལྷག་པར་མང་གཙོའི་ཀ་བ་གསུམ་ལ་འགན་ཁུར་གཙོ་བོ་ཡོད་པས བཀའ་ཤག་ནས་ནང་ཁུལ་འབྲེལ་ལམ་དམ་ཟབ་ཁ་གསལ་དང་ཆེ་མཐོང་ལྡན་པའི་སྒྲིག་འཛུགས་བསྐྲུན་ཐུབ་པ་བྱ་རྒྱུ། གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ལྷན་དུའང་བཀའ་བསྡུར་མཉམ་རུབ་ཀྱིས་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་དགོངས་བསྒྲུབ་ཐུབ་པ་བྱ་རྒྱུ་ཡིན།

མང་གཙོ་ཚད་ལྡན་ཞིག་ནང་རང་དབང་ལྡན་པའི་གསར་འགྱུར་བརྒྱུད་ལམ་དེ་མེད་དུ་མེད་རུང་བ་ཞིག་ཡིན་པ་མ་ཟད། མང་གཙོའི་ཀ་བ་བཞི་པ་ལྟ་བུ་ངོས་འཛིན་བྱེད་བཞིན་ཡོད་པར་རང་རེའི་བཙན་བྱོལ་སྤྱི་ཚོགས་ནང་ལོ་རེར་སྒེར་གྱི་འགན་ཁུར་རམ་གཞུང་འབྲེལ་གསར་འགྱུར་བརྒྱུད་ལམ་ཁག་མི་ཉུང་བ་ཞིག་བསྐྲུན་བཞིན་ཡོདརྒྱ་གར་རྒྱལ་ཁབ་ལྟ་བུའི་རང་བཙན་འཐབ་རྩོད་ལས་འགུལ་ནང་གསར་འགོད་པས་ནུས་པ་ལྡན་པའི་ཆ་ཤས་བླངས་ཡོད་པ་ལ་གཞི་བཅོལ་ཏེ། སྒྲིག་འཛུགས་ནས་མང་གཙོའི་འགྲོ་ལུགས་ལྟར་འོས་ཤིང་འཚམས་པའི་དུས་ནས་དུས་སུ་འབྲེལ་བ་བགྱིས་ཏེ་ནུས་པ་མཉམ་རུབ་ཡོང་ཐབས་དང་། གང་འོས་མཐུན་འགྱུར་འབུལ་ཐབས་བྱ་རྒྱུ།

 

༽ བཙན་བྱོལ་བོད་མིའི་ཤེས་ཡོན་སྲིད་ཇུས་དང་གཞན།

 

སྒྲིག་འཛུགས་ཀྱི་ཁྱབ་ཁོངས་སློབ་གྲྭ་ཁག་ནང་མུ་མཐུད་ཤེས་ཡོན་སྲིད་ཇུས་ལག་བསྟར་ཡོང་བར་འགན་ཁུར་ཆེར་བཞེས་ཀྱིས། མེས་དབོན་དཔེ་སྟོན་སློབ་གྲྭ་དེ་གཉིས་རྒྱ་སྐྱེད་གཏོང་ཕྱོགས་དང་། ཕྱི་རྒྱལ་ཁག་གཙོ་བོར་གྱུར་པའི་བཙན་བྱོལ་བོད་ཕྲུག་ཚོས་བོད་ཀྱི་སྐད་ཡིག་ལོ་རྒྱུས་དང་རིག་གཞུང་། དེ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ལྟ་གྲུབ་སོགས་ལ་དུས་ཐུང་རིང་ཤེས་ཚད་ལག་འཁྱེར་(Diploma)སློབ་གཉེར་བྱེད་རྒྱུ་ཡོད་པའི་དམིགས་བསལ་ཤེས་ཡོན་ལྟེ་གནས་ཁང་གསར་བསྐྲུན་བྱ་རྒྱུ།

དཔལ་ན་ལེནྡྲ་ནས་བརྒྱུད་པའི་བོད་བརྒྱུད་ནང་བསྟན་སློབ་ཁྲིད་བརྒྱུད་རིམ་དེ་ཤེས་ཡོན་གྱི་བརྒྱུད་རིམ་ཞིག་ཏུ་ངོས་འཛིན་གྱིས། བཙན་བྱོལ་བོད་མིའི་ཤེས་ཡོན་སྲིད་ཇུས་ནང་གསར་འཇུག་དང་། ཆོས་བརྒྱུད་སོ་སོའི་སྐུ་ཚབ་དང་བཀའ་བསྡུར་གྱིས་བསླབ་པ་མཐར་སོན་ལག་ཁྱེར་དེ་དག་གནས་ཡུལ་གཞུང་གིས་གསར་གཏོད་གནང་བའི་(Bharatiya Shiksha Board) དགོངས་དོན་ནམ་ད་ཡོད་སློབ་གཉེར་ལག་འཁྱེར་འབུལ་ཕྱོགས་གཞན་ལྟར་ངོས་འཛིན་ཡོང་ཐབས་བྱ་རྒྱུ། ལར་ནས་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོའི་དགོངས་གཞི་ལྟར། དགོན་སྡེ་ཁག་གི་ནང་རིགས་གཅིག་རྐང་འཛིན་སློབ་ཁྲིད་འགྲོ་བཞིན་པ་རྣམས་ཡར་རྒྱས་དང་། དེ་མིན་དབུ་འཛུགས་ཞུ་རིགས་རྣམས་ལ་ཡང་མཐུན་འགྱུར་གང་ཐུབ་ཡོང་བ་བྱ་རྒྱུ།

 

སྒྲིག་འཛུགས་དང་མི་མང་གི་དཔལ་འབྱོར་གོང་འཕེལ།

བོད་མིའི་སྒྲིག་འཛུགས་ཀྱི་གཏན་འཇགས་མ་དངུལ་དེ་སྔོན་ལོ་ལྔ་རེར་སྤར་ཆའི་ཡོང་འབབ་དེ་དག་ལྡབ་ལོག་འཕར་ཐབས་བྱ་རྒྱུ། ཡང་བོད་མི་སྒེར་གྱི་དཔལ་འབྱོར་སྒྲུབ་ཐབས་ལ་ལམ་སྟོན་ཁ་གསལ་གཏན་འབེབས་ཀྱིས་མཉམ་རུབ་ཞུ་རྒྱུ། དེ་སྔོན་ནང་སྲིད་བཀའ་བློན་གྱི་འགན་འཁུར་སྐབས། རང་རེའི་གཞིས་ཆགས་ཀྱི་ས་ཞིང་དེ་དག་བེད་སྤྱོད་གཏོང་ཕྱོགས་རྒྱ་གར་དབུས་ས་གཞུང་ནས་བསྐྱར་བཅོས་གནང་ཡོད་པར། དེ་བཞིན་ཀར་ཎ་ཊ་ཀ་དང་། ཨོ་ཌི་ཤ།ཆ་ཏིས་གྷར། ཨ་རུ་ན་ཅལ། འབྲས་ལྗོངས་སོགས་ཀྱི་མངའ་གཞུང་སོ་སོ་ནས་ཞལ་བཞེས་བཟང་པོ་ཐོབ་ཡོད་པར་གཞིར་བཟུང་ཡུལ་སྐོར་སྤྲོ་འཆམ་དང་འབྲེལ་ལས་འཆར་ཁག་གསར་གཏོད་མཇུག་སྐྱོང་གིས། འབྲེལ་ཡོད་མངའ་གཞུང་གཞན་གྱི་ལྷན་དུ་ཡང་བཀའ་བསྡུར་གྱིས་གཞིས་ཆགས་ས་བརྟན་དང་། བོད་མིའི་དཔལ་འབྱོར་ཡར་རྒྱས་གཏོང་ཐབས་ལས་གཞི་མཇུག་སྐྱོང་བྱ་རྒྱུ། དེ་བཞིན་རྒྱ་གར་དབུས་ས་གཞུང་གིས་ (Make in India) སོགས་ཀྱི་ལས་འཆར་ནང་རང་རེའི་མི་མང་མཉམ་ཞུགས་ཡོང་ཐབས་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྐྱེ་ལྡན་སོ་ནམ་སྲིད་ཇུས་ལག་བསྟར་དང་འབྲེལ་ཚོང་ར་ཚན་ལྡན་བསྐྲུན་ཐབས་སྔར་ལྷག་མཉམ་འབྲེལ་སོ་སོ་དང་བཀའ་བསྡུར་གྱིས། དེང་དུས་སྐྱེ་ལྡན་སོ་ནམ་གྱི་ཁྲོམ་ར་ནང་རང་རེ་སོ་ནམ་པའང་མཉམ་ཞུགས་ཡོང་ཐབས་བྱ་རྒྱུ། རང་རེའི་བོད་ཕྲུག་རྣམས་ལའང་དུས་དང་མཚུངས་པའི་སློབ་གཉེར་*( STEM ཚན་རིག འཕྲུལ་རིག བཟོ་སྐྲུན་རིག རྩིས་རིག་ལ་དམིགས་བསལ་ཤུགས་གནོན་རྒྱབ་རྒྱུ།)

འབུལ་ཐབས་ཀྱིས། མ་འོངས་པར་གནས་སྡོད་སྤྱི་ཚོགས་སོ་སོའི་ནང་འདྲ་མཉམ་གྱི་ལས་སྣེ་བཟང་སར་མཉམ་ཞུགས་བྱེད་ཐུབ་པའི་སློབ་ཁྲིད་དང་དེ་མཚུངས་གོ་སྐབས་བསྐྲུན་རྒྱུ།

དེ་བཞིན་རང་རེའི་སུད་ཚོང་བའི་ད་ཡོད་དཀའ་ངལ་སེལ་ཐབས་དང་འབྲེལ། གཞུང་སྒེར་མཉམ་རུབ་ཀྱིས་ལས་འཆར་ཁག་གསར་བསྐྲུན་བྱ་རྒྱུ། ལྷག་དོན་བྱང་ཐང་ཤ་ཝ་ར་གསུམ་གཙོས་ས་ཁུག་ལུང་ཁུག་དང་དཀའ་ངལ་ཅན་གྱི་ས་ཁུལ་ཁག་ལ་དམིགས་བསལ་དཔལ་འབྱོར་ཡར་རྒྱས་ས་ཁུལ་ངོས་འཛིན་གྱིས་གནས་སྟངས་ལ་དཔག་པའི་ལམ་སྟོན་དང་མཉམ་རུབ་ཞུ་རྒྱུ།

 

བཙན་བྱོལ་བོད་མིའི་ཉམ་ཐག་ལྟ་སྐྱོང་དང་འབྲེལ།

 

༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དམིགས་བསལ་ཐུགས་རེ་དང་། བྱམས་བརྩེ་གནང་ཡུལ་རྒན་འཁོགས་དང་ཉམ་ཐག་རྣམས་ཀྱི་ལྟ་སྐྱོང་དེ་འཐུས་ཤོར་མེད་པ་ཞུ་རྒྱུ་དམ་བཅའ་བརྟན་པོ་ཡོད། ལར་ནས་བོད་མིའི་སྒྲིག་འཛུགས་ཀྱི་ལྟ་སྐྱོང་གནང་དགོས་པའི་ཉམས་ཐག་གྲངས་འབོར་སྟོང་ཕྲག་འགའ་ཤས་ལས་མེད་པར་དཔལ་འབྱོར་གྱི་ཁ་ཐབ་ཞན་པ་རྣམས་ཀྱི་ཁ་ཡོད་ལག་ཡོད་ཀྱི་དཀའ་ངལ་སེལ་ཐབས། ད་ཡོད་ཉམ་ཐག་ལྟ་སྐྱོང་ལམ་སྟོན་ལ་ལེགས་བཅོས་བསྐྱར་ཞིབ་ཀྱིས་ཉམ་ཐག་རྣམས་དང་དེ་དག་གི་ཕྲུ་གུ་རྣམས་ལའང་སློབ་སྦྱོང་གི་མཐུན་རྐྱེན་དམིགས་བསལ་སྦྱར་རྒྱུ་གཙོས་མཐར་ཐུག་ཉམ་ཐག་གི་སྣེ་ནས་བྲལ་ཐབས་ཡོང་བའི་ལས་དོན་བྱེད་ཕྱོགས་ཀྱིས་ལམ་སྟོན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཁྲིམས་ཡིག་གི་ངོ་བོར་གཏན་འབེབས་ཡོང་རྒྱུ་སྦྱང་བཤད་ལག་བསྟར་བྱ་རྒྱུ།

མཆན། ད་ལྟ་རྒྱ་ནད་ཏོག་དབྱིབས་མཉེན་རིམས་ཀྱི་གནས་སྟངས་དེ་ཉིད་མུ་མཐུད་གནས་སྐབས་ད་ཡོད་སྒྲིག་འཛུགས་ནས་དམིགས་བསལ་རོགས་སྐྱོར་རྣམས་མུ་མཐུད་གནས་ཐོག དུས་ནས་དུས་སུ་དགོས་མཁོ་དང་བསྟུན་ནས་གང་འོས་འཐུས་ཤོར་མེད་པ་བྱ་རྒྱུ།

 

སྡོད་གནས་བསྐྲུན་ཐབས་དང་གཞན།

 

༸སྤྱི་ནོར་༸གོང་ས་སྐྱབས་མགོན་རིན་པོ་ཆེའི་དབུ་ཁྲིད་འོག བཙན་བྱོལ་བ་བྱེ་བྲག་པ་གཞན་དང་མ་འདྲ་བར་བོད་མིར་གཞིས་ཆགས་ཁག་གསར་བསྐྲུན་གྱིསརང་ཡུལ་དོར་ནས་མིའི་ཡུལ་དུ་གནས་སྐབས་ཀྱང་རང་གི་ཁྱིམ་ཡིན་ཞེས་འཛུབ་མོ་འཛུགས་སའི་ཡུལ་ཡོད་པ་ནི་རྒྱལ་བའི་ཐུགས་རྗེ་ཁོ་ན་ཡིན་པ་བཀའ་དྲིན་ངོ་ཤེས་ནསད་ཡོད་འགན་ཁུར་བ་རྣམས་ནས་ཀྱང་མུ་མཐུད་ལས་གཞི་དེ་དག་མཇུག་སྐྱོང་བྱས་ཏེ། རྒྱ་གར་ནང་བཙན་བྱོལ་བོད་མིའི་མཐུན་འགྱུར་དེ་དག་བོད་ནས་གསར་དུ་འབྱོར་རིགས་གཙོ་བོར་འཛིན་ཐོག ད་བརགཞིས་ཆགས་ཐོབ་ཐང་མ་རགས་པར་ལྷག་བསྡད་ཡོད་རིགས་རྣམས་ལ་མཐུན་འགྱུར་བསྐྲུན་ཐབས་དགོས་པ་ནི་དུས་ཀྱི་དགོས་མཁོ་དང་ལས་འགན་ཡིན་པ་དེ་དག་ལག་བསྟར་ཞུ་རྒྱུ། དེ་མཚུངས་བལ་ཡུལ་དང་འབྲུག་ཡུལ་གནས་སྡོད་རྣམས་ལ་ཡང་གང་འོས་གང་ཐུབ་ཀྱིས་དཀའ་ངལ་སེལ་ཐུབ་པ་བྱ་རྒྱུ

ཕྱི་ལོ་ ༢༠༡༤ ལོའི་རྒྱ་གར་གཞུང་གི་བཙན་བྱོལ་བོད་མིའི་ལྟ་སྐྱོང་སྲིད་ཇུས་ལག་བསྟར་དང་། བཙན་བྱོལ་བོད་མིའི་གནས་སྡོད་མངའ་སྡེ་སོ་སོར་དེ་མཚུངས་བབས་བརླིང་བརྟན་གསུམ་གྱིས་ལག་བསྟར་ཡོང་བར་བྱ་རྒྱུ།

ལོ་རེ་བཞིན་རྒྱ་བོད་འབྲུག་གསུམ་ནས་རང་རེའི་བོད་མི་མང་དག་ཅིག་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གནས་སྤོ་བྱས་དང་བྱེད་བཞིན་པས། ཁོང་རྣམས་ལ་གང་ཐུབ་ཀྱིས་འབྲེལ་བ་མཐུན་འགྱུར་བཅས་དོན་གཅོད་ལས་ཁུངས་སོ་སོ་ནས་གནང་བཞིན་པ་མ་ཟད། འགན་ཁུར་གཙོ་བོ་ས་གནས་སོ་སོའི་སྤྱི་དོན་ཚོགས་པ་ཁག་གིས་བསྔགས་བརྗོད་ལྡན་པའི་འགན་ཁུར་བཞེས་བཞིན་ཡོད་ཐོག བཙན་བྱོལ་བོད་མིའི་མི་འབོར་མང་སར་བཅའ་ཁྲིམས་ལེའུ་ ༧ པའི་ནང་བོད་མིའི་གནས་ཡུལ་ས་གནས་ཁག་གི་སྒྲིག་འཛུགས་ཞེས་གསལ་བ་ལྟར། ས་གནས་སོ་སོར་འགོ་འཛིན་དང་ས་གནས་འཐུས་མི་ཚོགས་འདུ་མི་མང་ནས་འོས་འདེམས་བྱ་ཐབས་འབྲེལ་ཡོད་རྣམས་ལ་བསམ་ཞིབ་བཀའ་བསྡུར་གྱིས་ལག་བསྟར་བྱ་རྒྱུ། དེ་བཞིན་མི་འབོར་གཞིས་སྤོ་བཀག་སྡོམ་བྱ་རྒྱུ་འོས་བབ་དང་ནུས་པ་མེད་ནའང་། རྒྱ་གར་ལ་ཕྱིར་ལོག་དང་དུས་ཐུང་རིང་ཡོང་མཁན་ཚོར་རྒྱ་གར་གཞུང་ནས་དམིགས་བསལ་ཆོག་མཆན་གནས་བབ་དགོངས་བཞེས་ཡོང་ཐབས་བྱ་རྒྱུ། དེ་བཞིན་བོད་ཀྱི་སྐད་ཡིག་དང་རིག་གཞུང་ནི་བོད་ཀྱི་ངོ་བོ་ཡིན་པར་དེ་དག་མི་ཉམས་རྒྱུན་འཛིན་ཡོང་ཆེད། མ་འོངས་པར་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་བོད་ཀྱི་ལྟེ་གནས་ཁང་ངེས་པར་བསྐྲུན་དགོས་པས། ལོ་ལྔ་ནང་ཚུན་ཐོག་མར་ཨ་རི་ནས་ལས་གཞི་དེ་འགོ་འཛུགས་ཐུབ་པ་བྱ་རྒྱུ་ཡིན།

 

བུད་མེད་དང་ན་གཞོན་ནུས་སྟོབས་སྤེལ་ཆེད

 

རང་རེའི་སྤྱི་ཚོགས་ནང་གི་མི་འབོར་རྒྱ་ཆ་ ༥༠ ཙམ་བུད་མེད་ཡིན་པས། བུད་མེད་ཀྱི་ནུས་སྟོབས་འཕེལ་བ་ནི་རྒྱལ་ཁབ་དང་མི་རིགས་ཀྱི་ནུས་སྟོབས་ལ་ཐད་ཀར་འབྲེལ་བ་ཡོད། རང་རེའི་སྤྱི་ཚོགས་ནང་བུད་མེད་ཀྱི་ཆ་ཤས་དང་ནུས་པ་ལོ་རེ་བཞིན་གོང་འཕེལ་འགྲོ་མུས་ཡིན་པར་སྒྲིག་འཛུགས་ཀྱི་ཐག་གཅོད་འགན་ཁུར་ཞུ་ཡུལ་ནང་ལའང་རྣམ་དཔྱོད་ལྡན་པའི་བུད་མེད་གང་མང་ཡོང་ཐབས་བྱ་དགོས་པ་ནི་དུས་ཀྱི་དགོས་མཁོ་ཡིན། བཀའ་ཤག་ནང་ཐེངས་འདིར་ད་བར་གྱི་བུད་མེད་བཀའ་བློན་མང་ཤོས་ཡོད་པའི་བཀའ་ཤག་དང་། རིམ་བཞིན་ཕྱི་རྒྱལ་དོན་གཅོད་ལ་བུད་མེད་རྒྱ་ཆ་ ༥༠ ལྷག་བསྐོ་བཞག་ཡོང་རྒྱུ་དང་། དེ་མཚུངས་དབུས་ས་གཉིས་ཀྱི་ལས་སྣེ་ཁག་ལའང་དེ་ལྟ་བུ་ཡོང་ཐབས་བྱ་རྒྱུ།

དེ་བཞིན་མ་འོངས་བོད་ཀྱི་སོན་རྩ་རྣམས་བསྐྲུན་ཐབས་དང་ནུས་པ་བཟང་ཕྱོགས་སུ་སྤུངས་ཐུབ་པ། ལྷག་དོན་མི་ཐོག་འགྱུར་རིམ་བཞིན་རྩིས་སྤྲོད་དང་འགན་ཁུར་ཐུབ་པ་ཡོང་ཐབས་ལ་ད་ཡོད་ནང་སྲིད་ལས་ཁུངས་ཁྱབ་ཁོངས་ན་གཞོན་རོགས་སྐྱོར་སྡེ་ཚན་དང་། དཔལ་འབྱོར་ལས་ཁུངས་ཁོངས་བུད་མེད་ནུས་སྟོབས་གོང་འཕེལ་སྡེ་ཚན་གཉིས་ཀྱི་ལས་དོན་བྱེད་ཕྱོགས་བསྐྱར་ཞིབ་ཀྱིས་མིང་དོན་མཚུངས་པའི་ངོ་བོར་བསྒྱུར་ཐབས་བྱ་རྒྱུ།

 

ག༽ འཛིན་སྐྱོང་དང་དེའི་ལྷན་ཁང་ཁག

 

འཛིན་སྐྱོང་བཀའ་ཤག

 

༡༽     འཛིན་སྐྱོང་ཚགས་ཚུད་འབྱུང་མིན་གཞན་ལ་ཁག་གཡོགས་ས་མེད་ལ། བོད་མིའི་སྒྲིག་འཛུགས་ཚགས་ཚུད་དང་། སྲ་བརྟན་གནས་དང་མི་གནས་ནི་ངོས་རྣམས་ལ་ཐད་ཀར་འབྲེལ་བ་ཆགས་ཀྱི་ཡོད་སྟབས། འཛིན་སྐྱོང་གི་ལས་དོན་ཆེ་འབྲིང་ཆུང་གསུམ་གང་ཡིན་ཡང་ཕྱི་གསལ་ནང་གསལ་དང་གཏན་འབེབས་སྒྲིག་ཁྲིམས་དགོངས་དོན་ལྟར་ཤར་བསྐྱོད་བྱ་རྒྱུ།

༢༽     སྐབས་ ༡༥ པའི་འཛིན་སྐྱོང་བཀའ་ཤག་གི་ལྔ་དང་ལྔ་བཅུའི་ཚོགས་འདུ་དང་འབྲེལ་ལས་དོན་མཇུག་སྐྱོང་གནང་དགོས་རིགས་ལ་འཐུས་ཤོར་མེད་པར་མུ་མཐུད་མཇུག་སྐྱོང་ལག་བསྟར་བྱ་རྒྱུ།

༣༽    བོད་མིའི་སྒྲིག་འཛུགས་ཁྱབ་ཁོངས་རང་སྐྱོང་སྡེ་ཚན་ཁག་དང་། འབྲེལ་ཡོད་བཀའ་བློན་ལས་ཁུངས་ཁག་དབར་འགན་ཁུར་ལེན་ཕྱོགས་ཐད་གྲོས་བསྡུར་གྱིས་ལས་དོན་ཚགས་ཚུད་ཡོང་བ་བྱ་རྒྱུ།

༤༽    བོད་མིའི་སྒྲིག་འཛུགས་ཚགས་ཚུད་དང་འཐུས་ཤོར་འབྱུང་མིན་ནི་གཙོ་བོ་ལས་བྱེད་རྣམས་ལ་རག་ལས་ཡོད་སྟབས། ལས་བྱེད་ལས་འབོར་ཞིབ་བཤེར་དུས་ནས་དུས་སུ་ངེས་པར་བྱ་རྒྱུ་དང་། ཉམས་མྱོང་ཅན་གྱི་ལས་བྱེད་གསོ་སྐྱོང་སླད་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་ཞབས་ལས་བྱེད་རྣམས་ལ་དམིགས་བསལ་སྐྱེད་མེད་བུན་གཡར་གནང་ཕྱོགས་ཀྱི་ལམ་སྟོན་གཏན་འབེབས་བྱ་རྒྱུ་མ་ཟད། རིམ་བཞིན་ས་གནས་སོ་སོའི་ནང་སྤྱི་པའི་ལས་དོན་ཐོག་ལོ་མང་རིང་འགན་ཁུར་གནང་མཁན་རྣམས་ལའང་དེ་མཚུངས་མཐུན་འགྱུར་སྦྱར་ཐབས་བྱ་རྒྱུ་ཡིན།

༥༽    བལ་ཡུལ་དང་འབྲུག་གཉིས་ནང་གནས་སྡོད་བོད་མི་ཚོའི་དཀའ་ངལ་ཁག་འབྲེལ་ཡོད་རྣམས་དང་བཀའ་བསྡུར་སྦྱང་བཤད་ཀྱིས་བབས་བརླིང་བརྟན་གསུམ་ངང་གང་མྱུར་སེལ་ཐབས་བྱ་རྒྱུ་བློ་སེམས་བརྟན་པོ་ཡོད།

 

ཆོས་རིག

 

༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོའི་སྐུ་ཚེ་ཞབས་པད་བརྟན་པ་དང་། བོད་ཀྱི་བདེན་མཐའ་གསལ་ཐབས་སླད་བོད་མིའི་སྤྱི་མཐུན་བསོད་ནམས་གོང་མཐོར་སྤེལ་ཐབས་སུ་སྡིག་སྦྱོང་དགེ་སྒྲུབ་གང་མང་བསྒྲུབ་རྒྱུ།

༢༽ དཔེ་བཟང་ལྡན་པའི་བཤད་སྒྲུབ་ཀྱི་བསྟི་གནས་དགོན་སྡེ་ཁག་གི་དགེ་འདུན་པ་དང་བཙུན་མའི་བསླབ་པ་མཐར་སོན་གྱི་ཕྱག་འཁྱེར་དེ་རྒྱལ་སྤྱིའི་ནང་ངོས་ལེན་ཡོང་་བྱ་རྒྱུ།

༣༽ བོད་བརྒྱུད་ནང་བསྟན་འདི་ནི་འཛམ་གླིང་ལ་ངོམ་སོ་བྱེད་ཆོག་པའི་བོད་མི་རིགས་ཀྱི་རིག་གཞུང་རྩ་ཆེན་ཞིག་ཆགས་ཡོད་ལ། ནང་བསྟན་ཆོས་ལུགས་རིག་གཞུང་མ་ལག་དང་བཅས་པ་ཉམས་པ་སླར་གསོ་དང་མི་ཉམས་རྒྱུད་འཛིན་ཡོང་ཐབས་དང་། ༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོའི་དགོངས་གཞི་ལྟར། དགོན་སྡེ་ཁག་གི་ནང་རིགས་གཅིག་རྐང་འཛིན་དང་འབྲེལ་མཐུན་འགྱུར་གང་ཐུབསྔར་ལྷག་ཡོང་བ་བྱ་རྒྱུ།

༤༽ ༸གོང་ས་༸སྐྱབས་མགོན་ཆེན་པོའི་རླབས་ཆེན་གྱི་དགོངས་པ་ལས་འཁྲུངས་པའི་དཔལ་ན་ལེནྡྲ་གསར་བཞེངས་ཀྱི་ལས་དོན་ཁག་འཐུས་ཤོར་མ་སོང་བ་བྱ་རྒྱུ་དང་། དེའང་ལས་དོན་དེའི་ཐོག་ཏུ་ད་ལྟའི་བཀའ་ཤག་གིས་ལས་འཆར་གང་ཡོད་རྣམས་རྒྱུན་འཁྱོངས་དང་ལེགས་གྲུབ་བྱ་རྒྱུ།

༥༽ ཆོས་རིག་དང་འབྲེལ་བའི་ལས་དོན་སྤྱི་དང་བྱེ་བྲག་དགོན་སྡེ་གྲྭ་ཚང་དང་། ཚོགས་སྡེ་ཁག་ཆགས་ཡུལ་གཞུང་གི་ཡུལ་ཁྲིམས་དགོངས་དོན་བཞིན། དེབ་སྐྱེལ་གནང་ཕྱོགས་གཙོས་དགོས་ངེས་ཡིག་ཆ་ཁག་རག་ཐབས་དང་། དེ་བཞིན་དགོན་པའི་དཀའ་ངལ་གཞན་རྣམས་ཀྱང་སེལ་ཐབས་ཆེད་དམིགས་བསལ་ལས་བྱེད་བཀོད་སྒྲིག་བྱ་རྒྱུ།

༦༽ གནས་ཡུལ་རྒྱ་གར་གཞུང་ནས་ཆོས་དང་རིག་གཞུང་གོང་འཕེལ་ཡོང་ཐབས་དང་འབྲེལ། དཔལ་འབྱོར་རོགས་སྐྱོར་གནང་སྲོལ་ཡོད་པའི་ལས་གཞིའི་ནང་མཉམ་ཞུགས་ཐུབ་ཆེད་ལམ་སྟོན་མཐུན་འགྱུར་བྱ་རྒྱུ་དང་། རྒྱ་གར་དབུས་ས་གཉིས་ཀྱི་གཞུང་ནས་གྲྭ་བ་དང་བཙུན་མ་རྣམས་ལ་སློབ་ཡོན་རག་ཐབས་བྱ་རྒྱུ།

༧༽ ཕྱི་རྒྱལ་ཁག་ལ་ཡོད་པའི་བོད་ཀྱི་ཆོས་བརྒྱུད་ཁག་གི་ཆོས་ཚོགས་རྣམས་དང་འབྲེལ་ལམ་སྔར་ལྷག་ཡོང་ཐབས་བྱ་རྒྱུ།

༨༽ ནང་བསྟན་ཆོས་ལུགས་དར་སའི་རྒྱལ་ཁབ་ལ་སྔར་ལྷག་འབྲེལ་ལམ་དམ་ཟབ་ཡོང་བའི་འབད་བརྩོན་བྱ་རྒྱུ།

༩༽ ཆོས་ལུགས་སྤྱི་དང་འབྲེལ་བའི་ཡ་རབས་བཟང་སྤྱོད་དང་བྱམས་བརྩེ་གོང་མཐོར་གཏོང་ཆེད། དེང་དུས་ཀྱི་ཚན་རིག་ལ་འབྲེལ་ལམ་ཟབ་པའི་ཆོས་སྡེ་ཁག་དང་། སྤྱི་སྒེར་གཉིས་ལ་འབྲེལ་ལམ་གོང་འཕེལ་གཏོང་ཐབས་བྱ་རྒྱུ།

༡༠བོད་ཀྱི་ཟློས་གར་ཚོགས་པ་དེ་བཞིན་ངོམས་སུ་ཆོག་པའི་ལྟེ་གནས་ཤིག་ཏུ་བསྐྲུན་ཐུབ་པ་བྱུང་ཡོད། དེ་ཡང་དེང་དུས་ཀྱི་དགོས་མཁོ་དང་ཁྲོམ་ར་སོགས་ཀྱི་ཁེ་ཕན་ལོངས་སུ་སྤྱོད་ཐབས་དང་། སྒྱུ་རྩལ་བ་རྣམས་ཀྱི་གསོ་སྐྱོང་དང་མཐུན་འགྱུར་གང་ལེགས་ཡོང་ཐབས་བྱ་རྒྱུ།

༡༡༽ ཡར་མཐོན་རྒྱལ་ཁབ་ནི་རིག་གནས་སྤྱི་དང་བསམ་བློ་ཡར་རྒྱས་ཕྱིན་པ་ལ་བརྟེན་ནས་ཡོང་བ་དང་། དེ་དག་ཡོང་བའི་གཞི་རྩ་གཙོ་བོ་ནི་ཐུན་མིན་ཁྱད་ཆོས་ལྡན་པའི་རིག་པའི་རྩལ་ལ་རགས་ལས་ཡོད་པས། ད་ཡོད་བོད་ཀྱི་སྒྱུ་རྩལ་བ་རྣམས་དང་འབྲེལ་བ་བཟུང་སྟེ་བོད་ཀྱི་སྒྱུ་རྩལ་བ་གང་མང་གསོ་སྐྱོང་བྱེད་ཐབས་བྱ་རྒྱུ་ཡིན།

 

ནང་སྲིད།

 

༡༽ བཙན་བྱོལ་བོད་མིའི་གནས་སྡོད་མངའ་སྡེ་གཞུང་སོ་སོ་ནས་ཕྱི་ལོ་ ༢༠༡༤ རྒྱ་གར་དབུས་གཞུང་གི་བཙན་བྱོལ་བོད་མིའི་ལྟ་སྐྱོང་སྲིད་ཇུས་ངོས་ཤེས་ལག་བསྟར་ཡོང་བར་བྱ་རྒྱུ་དང་། བོད་མིའི་སྤྱི་མཐུན་མཉམ་འབྲེལ་གཙོས་པའི་འབྲེལ་ཡོད་མཉམ་འབྲེལ་ཁག་དང་ནུས་པ་མཉམ་སྤུངས་ཀྱིས་རྒྱ་གར་དབུས་ས་གཉིས་ནས་སོ་ནམ་ཞིང་ལས་དང་འབྲེལམཐུན་འགྱུར་རོགས་རམ་ཡོད་རིགས་རང་རེའི་སོ་ནམ་པར་ངེས་པར་རག་ཐབས་བྱ་རྒྱུ།

བཙན་བྱོལ་བོད་མིའི་ས་ཁང་སྒྲིག་གཞིའི་དགོངས་དོན། ས་གནས་འགོ་འཛིན་སོ་སོའི་ཁྱབ་ཁོངས་གཞིས་མིའི་མ་དེབ་རྣམས་དངོས་འབྲེལ་གནས་སྟངས་དང་མཐུན་པར་བཟོ་ཐབས་བྱ་རྒྱུ། དེ་བཞིན་བཙན་བྱོལ་བོད་མིའི་ལྟ་སྐྱོང་སྲིད་ཇུས་དགོངས་དོན་ལོ་རེར་ས་གནས་རྫོངས་དཔོན་ལས་ཁུངས་ལ་འབུལ་ལམ་གྱིས། གཞིས་མི་ཚོར་དོ་བདག་སོ་སོའི་མིང་ལ་ས་ཐོ་ལག་འཛིན་རགས་ཐབས་གཙོས་རྒྱ་གར་དབུས་ས་གཉིས་ཀྱི་ལས་འཆར་ཁག་ནང་མཉམ་ཞུགས་བྱེད་བདེ་ཡོང་རེ།

༽ ནང་སྲིད་ལས་ཁུངས་ནང་ད་ཡོད་མཉམ་འབྲེལ་རོགས་སྐྱོར་སྡེ་ཚན་གྱི་ལས་དོན་བྱེད་ཕྱོགས་དེ་དག་མཉམ་འབྲེལ་ཁག་དང་བཀའ་བསྡུར་གྱིས། ཡུལ་ཁྲིམས་དགོངས་དོན་སྤྱི་མཐུན་མཉམ་འབྲེལ་གཙོས་མཉམ་འབྲེལ་ཁག་གི་ལས་དོན་བྱེད་ཕྱོགས་གཏན་འབེབས་ཁྲིམས་ལུགས་ལྟར་སྐྱོང་བཞིན་པ་ལ། བོད་མིའི་སྒྲིག་འཛུགས་ནས་ཁ་ཡོད་ལག་ཡོད་རང་རེའི་སོ་ནམ་པའི་ཡོང་འབབ་སྤར་ཐབས་བྱ་དགོས་བཀའ་བསྡུར་གྱིས་བཀའ་ཤག་འདིའི་ལས་ཡུན་ལོ་ལྔ་ནང་ཚུན་བཟང་ཕྱོགས་སུ་འགྱུར་བ་གཏོང་ཐབས་ནང་སྲིད་ལས་ཁུངས་ཀྱི་ལས་དོན་གལ་ཆེ་ངོས་འཛིན་དང་དེ་མཚུངས་ལག་བསྟར་བྱ་རྒྱུ།

༽ རྒྱ་གར་ནང་གནས་སྡོད་སྐྱབས་བཅོལ་བོད་མི་བྱིངས་ཀྱི་འཚོ་རྟེན་གཙོ་བོ་ཞིག་དགུན་ཚོང་ཆགས་བསྡད་ཡོད་པས། རྒྱ་གར་རྒྱལ་ཡོངས་བཙན་བྱོལ་བོད་མིའི་ཚོང་པ་ཚོགས་པའི་རྒྱུན་ལས་རྣམས་དང་དུས་ནས་དུས་སུ་ཐུག་འཕྲད་བཀའ་བསྡུར་གྱིས། བོད་མིའི་སུད་ཚོང་བའི་བུན་གཡར་གནང་ཕྱོགས་ལ་བསྐྱར་བཅོས་བྱ་རྒྱུ་དང་། ལྷག་དོན་དགུན་ཚོང་གི་ཁྲོམ་ར་ཡོད་སའི་ས་གནས་གཞུང་ལ་འབྲེལ་ལམ་ཞུས་ཏེ། མ་འོངས་རྙོག་གླེང་མེད་པར་ས་གནས་བརྟན་པོ་ཡོང་ཐབས་བྱ་རྒྱུ།

༽ ཧི་མ་ཅལ་མངའ་ཁོངས་ཀྱི་བོད་མིའི་སྡོད་གནས་ཁག་ཅིག་མངའ་སྡེའི་གཞུང་ལ་བུན་གཡར་ཞུ་ཕྱོགས་ཀྱི་ལས་དོན་ཁག་མཇུག་སྣོན་དང་། དེ་མཚུངས་ས་ཆའི་དཀའ་རྙོག་རིགས་གཙང་བཟོ་བྱེད་ཐབས་བྱ་རྒྱུ།

༽ བོད་མིའི་གཞིས་སྒར་ཁག་ཏུ་བསྐྱོད་མཁན་ཕྱི་རྒྱལ་ལག་འཁྱེར་ཡོད་རིགས་ལ་དམིགས་བསལ་བཀའ་ཁྲོལ་(PAP)ཞུ་དགོས་པ་དེ་མ་དགོས་པའམ་དུས་ཐུང་ནང་རག་ཐབས་བྱ་རྒྱུ།

༽ རྒྱ་གར་ནང་གནས་སྡོད་ཁ་ཐོར་བོད་མི་རྣམས་ལ་གཞིས་ཆགས་ཀྱི་ཐོབ་ཁུངས་ནང་འཛུལ་ཞུགས་བྱ་ཕྱོགས་གཏན་འབེབས་ལྟར་ལག་བསྟར་བྱ་རྒྱུ་དང་། གྲོང་ཁྱེར་ཆེ་ཁག་ཏུ་སོ་སོའི་འཚོ་རྟེན་ཆེད་བཟོ་གྲྭ་དང་ཚོགས་སྡེ་ཁག་ནང་ལས་ཀ་བྱེད་མཁན། ལྷག་དོན་བོད་པའི་སྨན་ཞབས་པ་མང་པོ་ཡོད་པ་རྣམས་དང་གོ་བསྡུར་གྱིས། གྲོང་ཁྱེར་ཆེ་ཁག་ནང་བོད་མི་རྣམས་རུག་རུག་གནས་སའི་ཁང་པ་གསར་རྒྱག་ལས་གཞི་ལ་ལམ་སྟོན་དང་མཉམ་རུབ་ཞུ་རྒྱུ།

༽ ནང་སྲིད་ལྷན་ཁང་ཁྱབ་ཁོངས་རྒན་གསོ་ཁང་རྣམས་ཀྱི་གནས་བབ་དང་རྒན་འཁོགས་ལྟ་སྐྱོང་མཐུན་འགྱུར་སོགས་ཡར་རྒྱས་གོང་མཐོར་གཏོང་ཆེད། ད་ཡོད་སྤྱི་ཚོགས་ནང་གཟེངས་སུ་ཐོན་པའི་སྤྱི་ཚོགས་ཞབས་ཞུ་བ་མི་སྣ་ཁག་ཅིག་གི་དམིགས་བསལ་ཚོགས་ཆུང་བསྐོ་བཞག་བྱ་རྒྱུ།

བོད་མིའི་བཟོ་གཞི་ཁག་གི་སྤྱི་ཡོངས་གནས་སྟངས་དང་འབྲེལ། འབྲེལ་ཡོད་སོ་སོར་དང་བཀའ་བསྡུར་གྱིས་དུས་ཀྱི་དགོས་མཁོ་དང་མཚུངས་གནང་ཕྱོགས་ཡོད་རིགས་ཐོག་མཉམ་རུབ་ཞུ་རྒྱུ། དེ་ཡང་གཞན་དབང་སྟབས་བསྟུན་འོག་གནས་ཡོད་པའི་དཀའ་ངལ་ཅན་གྱི་གཞིས་ཆགས་ཁག་ལ་གནས་བབ་མཐུན་པའི་དམིགས་བསལ་གཟིགས་ཕྱོགས་གནང་རྒྱུ།

ནང་སྲིད་ཁྱབ་ཁོངས་ན་གཞོན་རོགས་སྐྱོར་སྡེ་ཚན་ཚན་པ་དང་ད་ཡོད་དཔལ་འབྱོར་ལས་ཁུངས་ནང་ཡོད་བུད་མེད་ནུས་སྟོབས་གོང་སྤེལ་ཚན་པ་དེ་དག་དེང་རབས་དང་དགོས་མཁོའི་མིང་དོན་མཚུངས་པའི་སྡེ་ཚན་ཞིག་ཏུ་བསྒྱུར་རྒྱུ།

༡༢༽ བཀའ་ཤག་གསར་པ་དབུ་ཚུགས་ནས་ཟླ་དྲུག་ནང་ཚུན་ཁྱད་ལས་ཚོགས་ཆུང་ཞིག་བསྐོ་བཞག་གིས་ད་ཡོད་སྟོན་ངན་གུན་གསབ་སྒྲིག་གཞི་དེ་དག་འབྲེལ་ཡོད་སོ་ནམ་པ་ལ་ཁ་ཚ་དགོས་གཏུག་མཐུན་འགྱུར་བསྐྲུན་ཐུབ་པའི་སྒྲིག་གཞིར་བསྐྱར་ཞིབ་བྱ་རྒྱུ།

འཁྲིག་སྤྱོད་དང་ཕོ་མོ་དབྱེ་བ་ལ་བརྟེན་པའི་དྲག་སྤྱོད་རིགས་ལ་བཟོད་སྲན་ཀླད་ཀོར་གྱི་སྲིད་ཇུས་མཇུག་སྣོན་གྱིས། བོད་མིའི་སྤྱི་ཚོགས་ནང་བཙན་གཡེམ་རིགས་བྱུང་ཚེ་དུས་ཐོག་ཡུལ་ཁྲིམས་དགོངས་དོན་ལག་བསྟར་བྱ་རྒྱུ།

༡༤༽ བཙན་བྱོལ་བོད་མིའི་ལྟ་སྐྱོང་སྲིད་ཇུས་དགོངས་དོན་རྒྱ་གར་གནས་སྡོད་སྐྱབས་བཅོལ་བོད་མི་ཡོངས་ལ་བཟའ་འབྲུ་ལག་འཁྱེར་གཙོས་དེ་མིན་དགོས་རིགས་ཀྱི་མཐུན་འགྱུར་དུས་ནས་དུས་སུ་རག་ཐབས་བྱ་རྒྱུ།

གཞིས་ཆགས་ཁག་གི་ཁོར་ཡུག་སྲུང་སྐྱོབ་དང་རྩི་ཤིང་འདེབས་འཛུགས། ལྷག་པར་ས་བབས་དང་བསྟུན་ཏེ་སྔོ་སྨན་རིགས་འདེབས་ལས་བྱ་ཐབས་དང་། སྲོལ་རྒྱུན་སྒོ་ཕྱུགས་གསོ་སྐྱོང་གི་ལམ་ནས་རྫས་སྦྱོར་མེད་པའི་ལུད། འབུ་སྲུང་། ལྕི་རླངས་མེ་རྒྱུ་སོགས་ཀྱི་མཐུན་འགྱུར་སྦྱོར་སྤྲོད་བྱ་རྒྱུ།

 

དཔལ་འབྱོར།

 

༡༽ བཙན་བྱོལ་བོད་གཞུང་གི་གཞི་རིམ་སྲིད་ཇུས་འཚེ་བ་མེད་པའི་དཔལ་འབྱོར་གྱི་ལྟ་གྲུབ་ལ་གཞི་བཅོལ་ཏེ། སྐབས་བབ་བཙན་བྱོལ་བོད་མིའི་དགོས་མཁོ་དང་འཚམས་ཤིང་། མཐར་ཐུག་མ་འོངས་བོད་ཀྱི་དཔལ་འབྱོར་སྲིད་ཇུས་ཀྱི་ལམ་སྟོན་ཐུབ་པ་ཞིག་ལ་མུ་མཐུད་སྐྱོ་རྒྱུ།

༢༽ བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་གཏན་འབེབས་སྲིད་ཇུས་དང་མ་འགལ་ཐོག་དཔལ་འབྱོར་རོགས་སྐྱོར་ད་མུས་ལྟར་རགས་ཐབས་བྱ་རྒྱུ།

༽ བོད་མིའི་སྒྲིག་འཛུགས་རང་ཁ་རང་གསོ་ཡོང་ཐབས་སུ་གཏན་འཇགས་མ་དངུལ་གོང་མཐོར་གཏོང་རྒྱུ།

༽ བཙན་བྱོལ་བོད་མིའི་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་དེ་བཞིན་འཆར་གཞི་ལྟར། རྒྱ་གར་གཞུང་(Reserve Bank of India) ནས་དངུལ་ཁང་ཚད་ལྡན་ཞིག་ཏུ་ངོས་འཛིན་ཡོང་ཐབས་མཇུག་སྐྱོང་བྱ་རྒྱུ།

༥༽ རྒྱ་གར་གཞུང་གི་བཙན་བྱོལ་བོད་མིའི་ལྟ་སྐྱོང་སྲིད་བྱུས་ནང་གསལ་གཞིས་ཆགས་ཁག་གི་བུན་གཡར་ས་ཞིང་དེ་དག་ཆོས་དང་རིག་གཞུང་། ཤེས་ཡོན། དཔལ་འབྱོར་མཁོ་བསྒྲུབ་སོགས་ཀྱི་ཆེད་དུའང་བེད་སྤྱོད་གཏོང་ཆོག་པའི་བསྐྱར་བཅོས་གནང་ཡོད་པ་བཞིན། གཞིས་ཆགས་སྲ་བརྟན་དང་མི་མང་གི་དཔལ་འབྱོར་གནས་བབ་གོང་འཕེལ་ཡོང་ཆེད། གཞུང་སྒེར་ཐུན་མོང་གི་བཟོ་ལས་གསར་བསྐྲུན་གཙོས་ལས་འཆར་སྤེལ་ཕྱོགས་ལམ་སྟོན་གཏན་འབེབས་ཀྱིས་ལག་བསྟར་བྱ་རྒྱུ།

༦༽ བཙན་བྱོལ་བོད་མིའི་དང་བླངས་དཔྱ་དངུལ་དང་བསྡུ་དངུལ་གཞན་དག་གི་འབུལ་འབབ་ཁྲིམས་ཡིག་དང་འབྲེལ་ལམ་སྟོན་ཁག་བསྐྱར་ཞིབ་ཀྱིས། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དགོངས་དོན་བོད་ཀྱི་ཡུལ་མི་ཡིན་པར་སུ་རུང་ནས་དཔྱ་དངུལ་འབུལ་འདོད་ཡོད་རིགས་རྣམས་ལ་ངེས་པར་དེབ་སྐྱེལ་གྱིས་དཔྱ་ཁྲལ་ལག་དེབ་འབུལ་ཐུབ་པ་བྱ་རྒྱུ། དེ་མཚུངས་དང་བླངས་དཔྱ་དངུལ་འབབ་ཚད་བོད་ཀྱི་ཡུལ་མི་ཚང་མས་འབུལ་ཐུབ་པའི་བསྐྱར་ཞིབ་བྱ་རྒྱུ།

༧༽ རྒྱ་གར་གཞུང་གི་རྒྱལ་ཁབ་རང་ཁ་རང་གསོའི་ལས་གཞི་ (Atmanirbhar Bharat) དང་། དེ་མཚུངས་རྒྱ་གར་དབུས་ས་གཞུང་གི་དཔལ་འབྱོར་གོང་འཕེལ་ཡོང་ཐབས་ཀྱི་བཟོ་ལས་ཆེ་ཆུང་འདྲ་མིན་དང་། (MSME) ལྷག་དོན་(Make in India)གྱི་ལས་གཞི་ཁག་ནང་བཙན་བྱོལ་བོད་མིས་ཆ་ཤས་གང་མང་ལེན་ཐབས་ཆེད་ལམ་སྟོན་དང་དགོས་ངེས་ཀྱིས་མཐུན་འགྱུར་སྦྱར་རྒྱུ།

༨༽ བོད་ཀྱི་གཞོན་སྐྱེས་ཚོའི་འཚོ་རྟེན་དང་ལས་རིགས་སྣ་ཚོགས་ཐོག་ཉམས་མྱོང་གསོག་ཕྱིར། ཕྱི་རྒྱལ་ཁག་ལ་དུས་ཚོད་ངེས་ཅན་རིང་ལས་ཀ་བྱེད་པར་འགྲོ་རྒྱུ་ཡོད་པའི་གོ་སྐབས་བསྐྲུན་ཐབས་བྱ་རྒྱུ།

༽ བོད་མི་སུད་ཚོང་སྡེ་ཚན་ཁག་ནང་ལྔ་དང་ལྔ་བཅུའི་ཚོགས་འདུའི་སྐབས་དགོངས་འཆར་ཕེབས་དོན་མ་འོངས་སུད་ཚོང་བསྟི་གནས་གཏན་འཇགས་ཡོང་ཐབས་ས་གནས་སོ་སོའི་གནས་བབ་དང་བསྟུན་མཉམ་རུབ་ཞུ་རྒྱུ།

༡༠༽ རྒྱ་གར་ཕུད་པའི་རྒྱལ་ཁབ་གཞན་ནང་གནས་སྡོད་བཙན་བྱོལ་བོད་མིའི་ཁུངས་ནས་རྒྱ་གར་ནང་རང་རེའི་གཞིས་ཆགས་ནང་གཞིས་མི་སྤྱི་སྒེར་ལྷན་ཚོང་ལས་ལས་གཞི་ཁག་འཛུགས་བསྐྲུན་གནང་མཁན་ལ་རྗེས་སུ་ཡི་རངས་ཀྱིས། གང་འོས་རྒྱ་གར་ཡུལ་ཁྲིམས་དགོངས་དོན་ཁྲིམས་མཐུན་ཡོང་བར་མཐུན་འགྱུར་ཞུ་རྒྱུ།

 

ཤེས་རིག

 

༡༽ དཔལ་ལྡན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་བཀའ་ཤག་ནས་རིགས་གཅིག་རྐང་འཛིན་ཐོག་ཐུགས་འཁུར་ཆེར་བཞེས་གནང་བའི་ཤེས་ཡོན་གྱི་ལས་གཞི་ཁག་འཐུས་ཤོར་མེད་པར་མུ་མཐུད་སྐྱོང་རྒྱུ།

དཔལ་ལྡན་བཀའ་ཁྲི་༸སྐྱབས་རྗེ་ཟམ་གདོང་རིན་པོ་ཆེའི་བཀའ་ཤག་གི་ལས་ཡུན་སྐབས་བཙན་བྱོལ་བོད་མིའི་ཤེས་ཡོན་སྲིད་ཇུས་དཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་གཏན་འབེབས་གནང་ཐུབ་པ་བྱུང་བ་ནི་ལོ་རྒྱུས་ཀྱི་རང་བཞིན་ཅན་ཞིག་ཡིན་པར་འཐུས་ཤོར་མེད་པར་མཇུག་སྐྱོང་བྱ་རྒྱུ།

༣༽ དུས་ཀྱི་གོ་སྐབས་ཤིག་དང་དགོས་མཁོ་ལ་བསྟུན་ད་ཡོད་བོད་པའི་ཆོས་སྡེ་ཁག་གི་སློབ་ཁྲིད་བརྒྱུད་རིམ་དེ་དག་ཀྱང་ངེས་པར་ཤེས་ཡོན་གྱི་བརྒྱུད་རིམ་ཞིག་ཏུ་ངོས་འཛིན་གྱིས། བཙན་བྱོལ་བོད་མིའི་ཤེས་ཡོན་སྲིད་ཇུས་ནང་དུ་གསར་འཇུག་ཡོང་ཐབས་བྱ་རྒྱུ།

༽ ཉེ་ལམ་རྒྱ་གར་གཞུང་གིས་ཤེས་ཡོན་སྲིད་ཇུས་གསར་པ་གཏན་འབེབས་གནང་ཡོད་པ་དེ་དང་བཙན་བྱོལ་བོད་མིའི་ཤེས་ཡོན་སྲིད་ཇུས་དང་འབྲེལ། རང་གཞུང་ཁྱབ་ཁོངས་ཡོད་པའི་སློབ་གྲྭ་ཁག་གི་སློབ་ཁྲིད་གནང་ཕྱོགས། འབྲེལ་ཡོད་རྣམས་དང་བཀའ་བསྡུར་ཞིབ་གཤེར་གྱིས་གནང་ཕྱོགས་གང་འོས་སྤྱི་མཚུངས་ཤིག་ཡོང་བར་བྱ་རྒྱུ།

༽ རང་རེའི་སློབ་གྲྭ་ཁག་གི་སློབ་ཁྲིད་ནང་རྒྱ་ནག་གཞུང་གིས་བོད་ས་ཡོངས་རྫོགས་བཙན་འཛུལ་བྱས་ཕྱོགས། བོད་ཀྱི་དཔའ་བོ་དཔའ་མོ་རྣམས་ཀྱིས་རང་སྲོག་བློས་གཏོང་གནང་ནས་གདོང་ལེན་ཇི་ལྟར་བྱས་ཡོད་པ་དང་། ལྷག་དོན་བོད་རྒྱལ་ཁབ་ཀྱི་ངོ་བོ་རང་དབང་འཐབ་རྩོད་དང་ད་ཡོད་དངོས་འབྲེལ་གནས་སྟངས་གནས་ལུགས་ཆ་ཚང་འཁོད་པའི་ཐོག པཎ་ཆེན་ཨེར་ཏེ་ནི་སྐུ་ཕྲེང་བཅུ་པ་ཆོས་ཀྱི་རྒྱལ་མཚན་མཆོག་གི་ཡིག་འབྲུ་ཁྲི་བདུན་ཡང་སློབ་ཚན་གྱི་ནང་དུ་ངེས་པར་བཅུག་ཐབས་བྱ་རྒྱུ།

༽ ཆོས་དང་འཇིག་རྟེན་གཉིས་་ནས་བལྟས་་དགེ་རྒན་ལས་བཀའ་དྲིན་ཆེ་བ་གཞན་སུ་ཡང་མེད་པས། དུས་ནས་དུས་སུ་དགེ་རྒན་རྣམས་དང་འབྲེལ་བ་དམ་གཟབ་ཀྱིས་ངོས་རྣམས་ཀྱི་མ་འོངས་སོན་རྩ་ལེགས་པར་བསྐྲུན་ཐབས་མཉམ་རུབ་དང་། དགེ་རྒན་རྣམ་པས་མཐུན་འགྱུར་དང་ཆེ་མཐོང་ལ་མིག་མཐོང་ལག་ཟིན་སྦྱོར་འཕྲོད་ཡོད་པ་བྱ་རྒྱུ། 

༧༽ ཕྱི་རྒྱལ་ཁག་ལ་ཡོད་པའི་བོད་ཀྱི་གཞོན་སྐྱེས་རྣམས་ལ་དྲ་ལམ་བརྒྱུད་བོད་ཀྱི་སྐད་ཡིག་སློབ་གཉེར་ལྟ་ཀློག་ཉན་གསུམ་གྱི་སློབ་ཁྲིད་རིགས་གསར་བསྐྲུན་བྱ་རྒྱུ་དང་། དམིགས་བསལ་གཟའ་མཇུག་སློབ་གྲྭ་ཁག་ལ་མཐུན་འགྱུར་གང་ཐུབ་བྱ་རྒྱུ།

༨༽ བོད་ཕྲུག་སུ་ཡིན་རུང་རྒྱུགས་འབྲས་བཟང་མིན་ལ་མ་ལྟོས་པར། དཔལ་འབྱོར་གྱི་ཁ་ཐབས་ཞན་ནས་མཐོ་སློབ་ཏུ་འགྲོ་མ་ཐུབ་པའི་རིགས་ལའང་སློབ་སྦྱོང་གི་གོ་སྐབས་མ་བརླགས་པ་བྱ་རྒྱུ་དང་། དེའང་སློབ་མའི་ཁམས་དང་མོས་པ་བཞིན་ཤེས་ཡོན་གྱི་གོ་སྐབས་བསྐྲུན་ཐུབ་པ་བྱ་རྒྱུ།

བོད་ཕྲུག་རྣམས་ལ་དུས་དང་མཚུངས་པར་ཚན་རིག འཕྲུལ་རིག བཟོ་སྐྲུན་རིག རྩིས་རིག་(STEM)བཅས་ཀྱི་སློབ་གཉེར་ལ་དམིགས་བསལ་ཤུགས་གནོན་བརྒྱབས་ཏེ། མ་འོངས་པར་གནས་སྡོད་སྤྱི་ཚོགས་སོ་སོའི་ནང་འདྲ་མཉམ་གྱི་ལས་སྣེ་བཟང་སར་མཉམ་ཞུགས་བྱེད་ཐུབ་ཐབས་བྱ་རྒྱུ།

༡༠༽ དེང་དུས་སྨན་གྱི་སློབ་གཉེར་(MBBS)དང་། གློག་ཀླད་དང་འཕྲུལ་ལས་རིག་པར་སློབ་གཉེར་(Engineering)། ཚན་རིག་ཐོག་གི་སྨན་ཞབས་པ་(BSc Nursing)སོགས་ཀྱི་མཐོ་སློབ་ཁག་ཏུ་བོད་ཀྱི་སློབ་ཕྲུག་ཚོར་དམིགས་བསལ་གྱིས་ས་མིག་གང་མང་ཐོབ་ཐབས་དང་། དེ་བེད་སྤྱོད་གཏོང་ཐབས་ལ་ཤུགས་གནོན་བརྒྱབ་རྒྱུ།

༽ ༸གོང་ས་མཆོག་གིས་དུས་ནས་དུས་སུ་ལམ་སྟོན་བཀའ་སློབ་ཕེབས་དོན་བཞིན། ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་དང་ནང་པའི་ཚན་རིག་སོགས་སློབ་ཚན་དུ་སློབ་སྦྱོང་བྱ་རྒྱུའི་ཐོག་མཇུག་གནོན་བྱ་རྒྱུ།

༡༢༽ གནས་ཡུལ་རྒྱ་གར་གཞུང་ནས་ལུས་ཁམས་རིག་པ་གལ་གནད་རྩིས་ཏེ་རྩེད་རིགས་ཀྱང་ཤེས་ཡོན་ཁུངས་ངོས་འཛིན་གནང་ཡོད་པ་བཞིན། ངོས་རྣམས་ནས་ཀྱང་དེ་མཚུངས་ལག་བསྟར་དང་དེའི་ནང་ཆ་ཤས་ལེན་ཐབས་བྱ་རྒྱུ།

 

བདེ་སྲུང་།

 

༡༽ ༸གོང་ས་མཆོག་རྒྱ་གར་དང་ཕྱི་རྒྱལ་ཡུལ་ཁག་ཏུ་ཆིབས་བསྒྱུར་བསྐྱང་སྐབས། དཔལ་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་རྣམས་དང་བླ་སྨན་པ་ལྷན་དུ་དུས་ནས་དུས་སུ་བཀའ་བསྡུར་གྱིས་སྐུ་ཕྱྭའི་ཉེན་སྲུང་སྔར་ལྷག་དོ་ནན་བྱ་རྒྱུ

རང་ཁུངས་འབྲེལ་ཡོད་རྣམས་ལ་དུས་ནས་དུས་སུ་དགོས་ངེས་ཀྱི་སྦྱོང་བརྡར་དང་། ཟབ་སྦྱོང་རིགས་འཐུས་ཤོར་མེད་པར་བསྐྲུན་ཐུབ་པ་བྱ་རྒྱུ།

༣༽ བོད་མི་ཞིག་ལ་སྐྱབས་བཅོལ་ལག་འཁྱེར་(RC)རག་ཐབས་བྱ་རྒྱུ་ནི་གཞུང་གིས་ལས་འགན་ཡིན་པ་ངོས་འཛིན་གྱིས། སྐྱབས་བཅོལ་ལག་ཁྱེར་མེད་པས་བོད་མི་སུ་རུང་ཞིག་བོད་ལ་ཕྱིར་སློག་བྱེད་པའི་གནས་སྟངས་མ་ཡོང་བ་བྱ་རྒྱུ།

༽ རང་རིགས་དམག་མི་ནང་ཡོད་མཁན་དང་དྭང་ཟུར་རྣམས་ཀྱི་གནས་བབ་དང་ཐོབ་ཐང་གཞན་ཆེད་རྒྱ་གར་འབྲེལ་ཡོད་སྡེ་ཚན་དང་འབྲེལ་བ་དམ་ཟབ་བྱ་རྒྱུ། དེ་མཚུངས་བོད་དམག་ཟུར་པ་དང་བསྟན་སྲུང་དང་བླངས་ཆུ་བཞི་སྒང་དྲུག གློ་སྒྲིག་དང་ཟུར། ལྷག་དོན་བོད་ཀྱི་ཆབ་སྲིད་བཙོན་ཟུར་རྣམས་ལ་ད་ཡོད་མཐུན་འགྱུར་སྦྱར་སྤྲོདམཇུག་སྣོན་གྱིས། དེ་མིན་གནས་ལུགས་ལ་གཞིགས་པས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ནས་གང་ནུས་གང་ཐུབབྱ་རྒྱུ།

མི་རིགས་སུ་འདྲ་ཞིག་གིས་༸གོང་ས་མཆོག་གཙོས་བོད་མིའི་ཆིག་སྒྲིལ་དང་གཞུང་གི་ཆེ་མཐོང་ལ་གནོད་གཞིའིགཞི་རྩ་མེད་པའི་སྐྱོན་འཛུགས་བྱེད་མཁན་དང་། བོད་མིའི་སྤྱིའི་ཆིག་སྒྲིལ་དང་ནུས་པ་གཏོར་ཞིང་རྒྱལ་ཁབ་གཞན་གྱི་ཁྱད་ཕན་ཆེད་ལས་ཀ་བྱེད་མཁན་གྱིི་དོགས་གཟོན་ཡོད་རིགས་ཞིབ་འཇུག་གིས་གདོང་ལེན་དང་གནས་ཡུལ་གཞུང་ལ་ཞུ་གཏུག་བྱ་རྒྱུདགོས་གལ་བྱུང་རིགས་ལ་ཡུལ་ཁྲིམས་སོ་སོའི་དགོངས་དོན་ལག་བསྟར་བྱ་རྒྱུ།

༦༽ ད་ལྟའི་ཆར་དྲ་རྒྱའི་དུས་རབས་ཡིན་པས་དངོས་ཤུགས་བརྒྱུད་གསུམ་ནས་དྲ་ཐོག་བྱ་ངན་(Cyber Crime)ཉིན་རེ་ནས་ཉིན་རེར་མང་དུ་འགྲོ་བཞིན་པ་དེ་བཞིན་གདོང་ལེན་བྱེད་ཆོག་ཇི་དགོས་བྱ་རྒྱུ།

༽ དེ་མིན་བོད་ཀྱི་རྩ་དོན་སྒྲུབ་ཐབས་དང་བོད་ཕྱི་ནང་འབྲེལ་ཟབ་ཡོང་ཐབས་ལས་དོན་ཁག་འཐུས་ཤོར་མེད་པར་བྱ་རྒྱུ།

 

ཕྱི་དྲིལ།

 

༡༽ ཕྱི་དྲིལ་ལས་ཁུངས་ནི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་དང་འབྲེལ་བའི་ལྷན་ཁང་གལ་ཆེ་ཤོས་དེ་ཡིན་པར། སྒྲིག་འཛུགས་ནང་ལས་བྱེད་མང་ཤོས་ཡོད་པའི་ལྷན་ཁང་དང་། དེའི་ཁྱབ་ཁོངས་ཚན་པ་དང་སྡེ་ཚན་མང་དག་ཅིག་ཡོད་པར་དེང་དེར་ལས་དོན་བྱེད་ཕྱོགས་སྤྱི་ཡོངས་བསྐྱར་ཞིབ་དང་། དམིགས་བསལ་སྦྱོང་བརྡར་འབུལ་འཆར་དང་རང་རེའི་སྤྱི་ཚོགས་ནང་ཆབ་སྲིད་གོ་རྟོག་གང་ལེགས་ཡོད་མཁན་དང་དེང་དུས་ཤེས་ཡོན་ཅན་གྱི་ན་གཞོན་གང་ཟག་རྣམས་ཀྱི་ནུས་པ་ཡང་མཉམ་སྤུངས་ཡོང་ཐབས་ཉམས་མྱོང་དང་ཤེས་ཡོན་ལྡན་པའི་ཁྱད་ལས་པའི་ལམ་སྟོན་ཚོགས་ཆུང་ཞིག་བཀོད་སྒྲིག་ཞུ་རྒྱུ།

རྒྱ་གར་གཞུང་གཙོ་བོར་འཛིན་པའི་གྲོས་ཚོགས་གཞན་ནང་ལའང་བོད་དེ་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་བཙན་འོག་ཏུ་གནས་པའི་རྒྱལ་ཁབ་ཅིག་ཡིན་པར་ངོས་འཛིན་ཡོང་ཐབས་བྱ་རྒྱུ

བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་། ཆོས་དད་རང་དབང་། ཁོར་ཡུག་སྲུང་སྐྱོབ། སྨྲ་བརྗོད་རང་དབང་། གསར་འགོད་རང་དབང་དང་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་ནང་སྤེལ་བཞིན་པའི་སྲིད་ཇུས་ངན་པ་རྣམས་ཕྱི་གསལ་ནང་གསལ་གྱིས་བསྐྱར་བཅོས་ཡོང་ཐབས་སུ་དུས་ཐོག་རྒྱལ་སྤྱིའི་སྟེང་ཁྱབ་བསྒྲགས་དང་རྒྱབ་སྐྱོར་ཡོང་ཐུབ་པ་བྱ་རྒྱུ།

༽ ཕྱི་རྒྱལ་དོན་གཅོད་ལས་ཁུངས་ཁག་གི་ལས་བྱེད་ལས་འབོར་ཉམས་ཞིབ་མཐིལ་ཕྱིན་གྱིས། དགོས་ངེས་ལས་བྱེད་ཆད་ལྷག་མེད་པར་དུས་ཐོག་བསྐོ་བཞག་བྱེད་ཐབས་དང་། ལྷག་དོན་ས་གནས་སོ་སོའི་ནང་ཡོད་ན་གཞོན་རྣམས་ལ་ལས་ཀའི་ཉམས་མྱོང་གོ་སྐབས་ངེས་པར་བསྐྲུན་ཐབས་བྱ་རྒྱུ།

ཆུང་སྲིད་པཎ་ཆེན་རིན་པོ་མཆོག་གཙོས་བོད་ཀྱི་ཆབ་སྲིད་བཙོན་པའི་གནས་སྟངས་དང་འབྲེལ་གཞུང་འབྲེལ་ལས་དོན་ཁག་རྒྱ་ཆེར་སྤེལ་རྒྱུ་དང་། ལས་འགུལ་དེའི་རིགས་ལ་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་བཙན་བྱོལ་བོད་མིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ལྷན་དུ་མཉམ་རུབ་བྱ་རྒྱུ།

༦༽ བོད་མིའི་རྩ་དོན་འགྲུབ་ཆེད་ད་བར་གཙོ་བོར་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོས་ཐུགས་འཁུར་ཆེར་བཞེས་ཀྱིས། བཙན་བྱོལ་དུ་བོད་མི་ཉུང་ཤས་ཤིག་ཡོད་ཀྱང་བོད་ཀྱི་བདེན་པའི་འཐབ་རྩོད་རྒྱལ་སྤྱིའི་གནད་དོན་ཞིག་ཏུ་གྱུར་ཐུབ་ཡོད་པ་མ་ཟད། འཛམ་གླིང་ཡུལ་གྲུ་ཁག་ནང་བོད་དོན་རྒྱབ་སྐྱོར་གནང་མཁན་སྤྱི་སྒེར་གྱི་བཀའ་དྲིན་ལ་བརྟེན་ཡོད་ཅིང་། བོད་དོན་རྒྱབ་སྐྱོར་ཚོགས་པ་རྣམས་དང་འབྲེལ་བ་དམ་ཟབ་བྱ་རྒྱུ། དེ་བཞིན་གྲོས་ཚོགས་སོ་སོའི་ནང་གྲོས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཡོད་རིགས་མི་ཉམས་གོང་འཕེལ་དང་། མེད་རིགས་ལ་གསར་བསྐྲུན་དང་མཇུག་སྣོན་བྱེད་ཕྱོགས་དཔལ་ལྡན་བོད་མིའི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་འགན་ཁུར་གནང་བཞིན་པ་ལ་སྔར་ལྷག་མཉམ་རུབ་ཞུ་རྒྱུ།

བོད་མིའི་བདེན་མཐའ་གསལ་ཐབས་ཀྱི་ལས་འགུལ་ཐོག་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས་འགན་ཁུར་གནང་མུས་ལ་རྗེས་སུ་ཡི་རངས་དང་། མང་གཙོའི་འགྲོ་ལུགས་ལྟར་གཞུང་འབྲེལ་མིན་པའི་ཚོགས་པ་སོ་སོའི་ཆེ་མཐོང་དང་རང་དབང་ལ་དོ་ཕོག་མེད་པའི་དུས་ནས་དུས་སུ་འབྲེལ་གཏུག་གིས་ནུས་པ་མཉམ་རུབ་སྤུངས་ཐབས་བྱ་རྒྱུ།

༨༽ དོན་གཅོད་ལས་ཁུངས་སུ་རྒྱ་རིགས་འབྲེལ་མཐུད་པའི་ལས་དོན་ཚག་ཚུད་ཡོང་ཆེད་དེའི་གནས་རིམ་དང་གཞན་ཐོག་སྦྱང་བཤད་བྱ་རྒྱུ།

༽ ལྡི་ལིར་འཕགས་བོད་འབྲེལ་མཐུད་ལས་ཁུངས་ཀྱི་ལས་དོན་བྱེད་ཕྱོགས་ལམ་སྟོན་གསར་བསྐྲུན་བྱ་རྒྱུ།

༡༠༽ བོད་མིའི་ཕྱིར་སྐྱོད་ལག་འཁྱེར་(IC)གནས་ཡུལ་རྒྱ་གར་གཞུང་དང་བཀའ་བསྡུར་བྱས་ཏེ་གཏན་འབེབས་ཀྱིས་དུས་ཡུན་ནང་ཚུན་རག་ཐབས་དང་། དེ་བཞིན་ཛ་དྲག་སྐབས་དུས་ཐུང་ནང་དགོས་རིགས་རྣམས་ཀྱི་བྱེད་ཕྱོགས་འཕར་མ་གཏན་འབེབས་བྱ་རྒྱུ། དེ་མཚུངས་(Return Visa)ཕྱིར་ལོག་མཐོང་ཆེན་ལ་སོགས་པ་དང་འབྲེལ་བའི་དཀའ་ངལ་ཡོད་རིགས་སེལ་ཐབས་བྱ་རྒྱུ།

༡༡ རང་རིགས་ཆོས་སྡེ་ཁག་ནང་ཕྱི་རྒྱལ་ཡུལ་མི་སློབ་གཉེར་བྱེད་པོ་ཚོ་ལ་སྔར་དང་མ་འདྲ་བའི་དཀའ་ངལ་སེལ་ཐུབ་པ་བྱུང་ཡོད་ནའང་། PAPདང་འབྲེལ་བའི་དངོས་འབྲེལ་དཀའ་ངལ་རྣམས་ངེས་པར་སེལ་ཐབས་བྱ་རྒྱུ་དང་། དེ་བཞིན་བོད་ཀྱི་ཡུལ་མི་ཡིན་པར་ཕྱི་རྒྱལ་མི་སེར་ལག་ཁྱེར་ཐོག་རྒྱ་གར་ཡོང་མཁན་རྣམས་ལ་དངོས་འབྲེལ་དཀའ་ངལ་འཕྲད་རིགས་སེལ་ཐབས་བྱ་རྒྱུ།

དོན་གཅོད་ཁག་ལས་ཁུངས་སོ་སོ་ནས་སྔར་ལྷག་བོད་དོན་ཐོག་ཞུ་གཏུག་དོན་ཕན་སོན་པ་ཡོང་སླད། རང་རེའི་སྤྱི་ཚོགས་ནང་ཤེས་ཡོན་ལྡན་པའི་བུད་མེད་མ་ཉུང་བ་ཡོད་སྟབས། བཀའ་ཤག་གསར་པའི་དུས་ཡུན་རིང་རིམ་བཞིན་དོན་གཅོད་ལས་ཁོངས་སུ་བུད་མེད་རྒྱ་ཆ་ལྔ་བཅུ་ལྷག་བསྐོ་བཞག་བྱ་རྒྱུ་ཡིན་པར། འཛམ་གླིང་སྡིངས་ཆའི་ནང་རང་རེའི་བོད་མིའི་སྤྱི་ཚོགས་ནང་བུད་མེད་གནས་བབ་ངོ་སྤྲོད་དང་། རིམ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་དབུས་ས་གཉིས་ཀྱི་འཛིན་སྐྱོང་དང་ཆབ་སྲིད་ཐོག་བུད་མེད་ནུས་སྟོབས་གོང་འཕེལ་བྱ་རྒྱུ།

 

འཕྲོད་བསྟེན།

 

༡༽ བཙན་བྱོལ་བོད་མིའི་སྨན་བཅོས་ལྟ་སྐྱོང་ལས་གཞིའི་འོག་འོས་བབ་ཀྱི་བོད་མི་སྐྱ་སེར་ཕོ་མོ་ཆ་ཚང་འཛུལ་ཞུགས་བྱེད་ཐུབ་པའི་ལས་དོན་སྔར་ལྷག་ནུས་ལྡན་ཡོང་ཐབས་བྱ་རྒྱུ།

༢༽ གྲྭ་བཙུན་རང་ལོ་ ༦༥ ཡན་རྣམས་ལ་བཙན་བྱོལ་བོད་མིའི་སྨན་བཅོས་ལྟ་སྐྱོང་ལས་གཞིའི་འོག་རིན་མེད་ལྟ་སྐྱོང་གི་མཐུན་འགྱུར་འབུལ་རྒྱུ། 

༣༽ རྒྱ་གར་གྲོས་ཚོགས་ནས་ཁྲིམས་ཡིག་དགོངས་དོན་གསོ་བ་རིག་པ་རྒྱ་གར་སྲོལ་རྒྱུན་སྨན་གྱི་ཁོངས་གཏོགས་ངོས་འཛིན་བྱས་རྗེས། བོད་ཀྱི་སྨན་རྩིས་ཁང་དང་། ཝཱ་ཎ་ཆེས་མཐོའི་གཙུག་ལག་སློབ་ཁང་། ཆེས་མཐོའི་གསོ་བ་རིག་པའི་ལྷན་ཚོགས་གཙོ་བོར་འགྱུར་བའི་འབྲེལ་ཡོད་རྣམས་ནས་ལོ་ཤས་རིང་སྐུ་ངལ་བསྐྱོན་དང་སྐྱོན་བཞིན་པར་འཆར་གཞི་ལྡན་པའི་ཐོག་ནུས་པ་མཉམ་སྤུངས་ཐུབ་སླད་འབྲེལ་ཡོད་ལྷན་ཁང་ནས་དབུ་ཁྲིད་པའི་རྒྱ་གར་དབུས་ས་གཞུང་ལ་འབྲེལ་ལམ་ཞུ་རྒྱུ།

༤༽ དབུས་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཁྱབ་ཁོངས་མངོན་དགའ་སློབ་གྲྭ་དེ་བཞིན་མིག་དཔེར་འོས་པའི་བསྟི་གནས་ཁང་ཞིག་ཏུ་བསྒྱུར་རྒྱུ།

༥༽ བོད་མིའི་སྒྲིག་འཛུགས་ཀྱི་བུད་མེད་ལས་བྱེད་རྣམས་ད་ཡོད་ཕྲུ་གུ་སྐྱེས་སྐབས་ཕོགས་ཡོད་དགུང་སེང་མུ་མཐུད་ཐོག་ཕོག་མེད་དགུང་སེང་ཉིན་གྲངས་ ༣༠ འཕར་མ་དང་། སྦྲུམ་ལྡན་སྐབས་ཕོག་མེད་དགུང་སེང་ཞུ་ཆོག།

༦༽ བཙན་བྱོལ་བོད་མིའི་མི་འབོར་འཕེལ་རྒྱས་ཡོང་ཐབས་བོད་མིའི་སྒྲིག་འཛུགས་ནས་སྐྱོང་བཞིན་པའི་ལས་འཆར་ཁག་གིས་ཕན་ཐོགས་བྱུང་རིགས་བསམ་ཞིབ་ཀྱིས་མ་འོངས་ལས་འཆར་ཁག་ལ་བསྐྱར་བཅོས་དགོས་རིགས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལ་སྙན་སེང་གིས་དགོས་ངེས་གསར་གཏོད་དམ་བསྐྱར་བཅོས་བྱ་རྒྱུ།

༧༽ བཙན་བྱོལ་སྤྱི་ཚོགས་ནང་གྲྭ་དགོན་གཙོ་བོར་གྱུར་པའི་སྤྱི་སྒེར་མང་དག་ཅིག་ནས་འཕྲོད་བསྟེན་དང་འབྲེལ་སྨན་བཅོས་ཁང་ལ་སོགས་པའི་སྤྱི་ཚོགས་ཀྱི་འཕྲོད་བསྟེན་དང་འབྲེལ་འགན་ཁུར་བཞེས་མཁན་མང་དག་ཡོད་པར་རྗེས་སུ་ཡི་རངས་ཞུ་ཐོག འབྲེལ་ཡོད་འཕྲོད་བསྟེན་ལས་ཁུངས་དང་བཀའ་བསྡུར་གྱིས་ལས་དོན་བྱེད་ཕྱོགས་ནུས་ལྡན་ཡོང་སླད་བྱ་རྒྱུ།

༨༽ བོད་མིའི་གཞིས་ཆགས་སོ་སོའི་ནང་གཏན་འཇགས་སམ་སྐོར་སྐྱོད་སྨན་པ་རེ་ངེས་པར་ཡོད་པར་བྱ་རྒྱུ།

༩༽ དེང་དུས་སྤྱི་ཚོགས་ནང་སེམས་ཁམས་ཀྱི་འཕྲོད་བསྟེན་(mental health)བསྐྲུན་ཐབས་ཀྱིས། ད་ཡོད་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་ཁག་ལ་མཇུག་གནོན་བྱ་རྒྱུ། ལྷག་དོན་འཛམ་གླིང་ནང་གནད་དོན་དེ་དང་འབྲེལ་ཡོད་ཞབས་ཞུ་བ་ལྷན་བཀའ་བསྡུར་དང་། བོད་ཀྱི་གསོ་བ་རིག་པའི་སྦྱོར་བ་དང་ཁྱད་ལས་པའི་ལམ་སྟོན་གཞིར་བཟུར་ལེགས་སྤེལ་ཉེས་འགོག་གང་ཐུབ་བྱ་རྒྱུ།

༡༠༽ བཙན་བྱོལ་བོད་མིིའི་གཞིས་ཆགས་ཁག་ནང་ལུས་སེམས་ཀྱི་འཕྲོད་བསྟེན་ལ་དོ་སྣང་སྔར་ལྷག་ཡོང་བར་དམིགས་ཏེ་ལུས་རྩལ་སྦྱོང་བརྡར་ཁང་(Gym)འོས་བབ་ཀྱིས་གསར་འཛུགས་བྱ་རྒྱུ།

༡༡༽ གཞིས་ཆགས་ཁག་སོ་སོའི་ས་གནས་འགོ་འཛིན་ལས་ཁུངས་བརྒྱུད་ཆང་རག་དང་མྱོས་རྫས་ལ་ངན་ལོབས་སོང་བའི་བོད་མི་རྣམས་དུས་ཐོག་བསྐྱར་གསོ་ཁང་(Rehabilitation)དུ་བསྐྱལ་ཐབས་ཀྱིས། མི་ཚེ་འཕྲོ་བརླག་མ་འགྲོ་བར་སྤྱི་ཚོགས་ཀྱི་འགན་འཁུར་ཐུབ་པའི་མི་ཞིག་ཡོང་བར་བསྐྲུན་ཐབས་བྱ་རྒྱུ། 

 

མཐའ་དོན། ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་། ཐུགས་ཀྱི་བཞེད་དགོངས་ལྷུན་གྱིས་འགྲུབ་པ་དང་། བོད་ཀྱི་བདེན་མཐའ་མྱུར་དུ་གསལ་བའི་སྨོན་འདུན་ཞུ་རྒྱུ་ཡིན། བོད་རྒྱལ་ལོ།། །།

 

 



༢༠༢༡ སྲིད་སྐྱོང་འོས་མི་བཀའ་ཟུར་རྒྱ་རི་སྒྲོལ་མ་ལགས་ཀྱི་དྲ་ཚིགས།

© 2020 KASUR GYARI DOLMA FOR SIKYONG 2021